གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༣/༤/༢༠༡༣   ཚོགས་རྒྱན་གྱི་ཉིནམ་དང་ གནམ་གཤིས་གནས་སྟངས།
༉ ད་རིས་ཀྱི་ཉིནམ་འདི་ འབྲུག་གི་དོན་ལུ་ ད་རུང་ཡང་ རྒྱལ་རབས་ཅན་ཅིག་ཨིན་མི་དེ་ཡང་ ད་རིས་དྲོ་པའི་ཆུ་ཚོད་༩ ལས་འགོ་བཙུགས་ ཕྱི་རུའི་ཆུ་ཚོད་༥ ཚུན་ རྫོང་ཁག་༢༠ གི་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་༣༨༠,༠༩༩ ཡོད་མི་ལས་ མང་ཤོས་ཅིག་གིས་ ཚོགས་རྒྱན་ས་ཁོངས་༨༥༠ གཞི་བཙུགས་འབད་དེ་ཡོད་མི་ཚུ་ནང་ ཚོགས་རྒྱན་བཙུགས་ཐོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་༢༠ བཙག་འཐུ་འབད་ནི་ཨིན།


ཁ་ཙ་ ཆརཔ་རྐྱབ་ནི་དེ་གིས་ རྫོང་ཁག་མང་ཤོས་ཅིག་ནང་ མི་སེར་ཚུ་ འུར་བྱེལ་འཐབ་ས་དང་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གི་སྐོར་ལས་ ལོ་རྒྱུས་སླབ་སར་ མཐོང་གསལ་མ་བྱུང་རུང་ འདེམས་ངོ་ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ མང་ཤོས་ཅིག་གིས་ ཐག་བཅད་ཚར་ནུག།
ཨིན་རུང་ ཁ་ཙ་ཡང་ ཆརཔ་འཕྲོ་མཐུད་དེ་ རྐྱབ་མི་ལུ་བརྟེན་ མགར་ས་རྫོང་ཁག་ ལུང་ནག་ནང་ལུ་ ཚོགས་རྒྱན་འཕྲུལ་ཆས་དང་ བཙག་འཐུ་འགོ་དཔོན་ དེ་ལས་ ཉེན་སྲུང་དམག་མི་ཚུ་ སྐྱེལ་ནི་ཨིན་མི་ གནམ་གྲུ་ཧེ་ལི་ཀོབ་ཊར་༢ རེས་གཟའ་སྤེན་པ་ལས་ཚུར་ ལན་ཐེངས་ལེ་ཤ་འཕུར་འགྲུལ་འབད་ནི་གི་ དཔའ་བཅམ་ཡོད་རུང་ འཕུར་འགྲུལ་འབད་མ་ཚུགས་པར་ལུས་ནུག།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རིས་དྲོ་པར་ གནམ་གཤིས་གནས་སྟངས་ལེགས་ཤོམ་འགྱོ་བ་ཅིན་ བཙག་འཐུ་འགོ་དཔོན་ཚུ་ ལུང་ནག་ནང་ལུ་ འཕུར་འགྲུལ་ཐོག་ སྐྱེལ་འདྲེན་འབད་འོང་ཟེར་ཨིནམ་ད་ དེ་མིན་ མགར་ས་རྫོང་ཁག་ནང་ ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་མཐོ་ཤོས་ཅིག་ཨིན་མི་ ལུང་ནག་ནང་ལུ་ ད་རིས་ ཚོགས་རྒྱན་བཙུགས་ནི་གི་ འོས་འབབ་མི་འོང་ནི་ཨིནམ་ལས་ ཕར་ཕུད་རྐྱབ་དགོཔ་ འཐོན་ནི་བཟུམ་འདུག་ཟེར་ཨིན་མས།
འདི་འབདཝ་ལས་ མགར་ས་རྫོང་ཁག་གི་དོན་ལུ་ ད་རིས་ བསྐྱར་ཞིབ་ཚོགས་ཁང་གི་ འཐུས་མི་༡ བཙག་འཐུ་འགྲུབ་མི་ཚུགས་ནི་ཨིན་མས། གནམ་གྲུ་ཧེ་ལི་ཀོབ་ཊར་ཕུར་འགྲུལ་འབད་མ་ཚུགས་པའི་ དཀའ་ངལ་བྱུང་མི་གིས་མ་ཚད་པར་ ལ་མཐོ་སའི་ ས་གནས་ནང་ ཁཝ་རྐྱབ་མི་ལུ་བརྟེན་ ཚོགས་རྒྱན་སྐྱུར་མི་ཚུ་ཡང་ ཚོགས་རྒྱན་ས་ཁོངས་ཚུ་ནང་ འགྱོ་མི་ཚུགས་ནི་བཟུམ་འདུག་ཟེར་ཨིན་མས།
ད་ལྟོ་ ཆར་ཆུའི་དུས་ཚོད་འགོ་མ་བཙུགསཔ་ལས་ར་ ཚོགས་རྒྱན་སྐྱུར་མི་དང་ བཙག་འཐུ་འགོ་དཔོན་ཚུ་ ཚོགས་རྒྱན་ས་ཁོངས་ནང་ འགྱོ་མ་ཚུགས་པའི་ དཀའ་ངལ་བྱུང་མི་ལུ་ལྟཝ་ད་ སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་དང་ སྤྱིར་བཏང་བཙག་འཐུ་གཉིས་ཆ་ར་ ཆར་ཆུ་འབོལ་བའི་ དུས་ཚོད་ནང་ ཕོག་ནི་ཨིནམ་ལས་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་ཚུ་ བཙག་འཐུའི་བྱ་རིམ་ནང་ འབྲེལ་གཏོགས་ཧྲིལ་བུ་འབད་མི་ཚུགས་ནི་དང་ ཚོགས་རྒྱན་བཙུགས་པར་ འོང་མ་ཚུགས་པ་ཅིན་ དམངས་གཙོའི་བྱ་རིམ་ལུ་ ཐོ་ཕོག་ཉེན་ཡོདཔ་ཨིན།
མ་གཞི་ ད་ལྟོ་ རྩ་གྲོལ་སོང་མི་ རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ཚོགས་དང་པའི་ མཐའན་མཇུག་གི་ ཚོགས་ཐེངས་༡༠ པའི་སྐབས་ སྤྱི་ལོ་༢༠༡༣ གྱི་ སྤྱི་ཚོགས་གཉིས་པའི་ བཙག་འཐུ་ཚུ་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་དང་ མི་སེར་ཞིང་པ་ཚུ་ སོ་ནམ་གྱི་ ལཱ་ཚུ་ནང་ འདུ་འཛི་ཅན་སྦེ་སྡོད་པའི་ ནམ་དུས་དང་ ཁ་ཐུག་རྐྱབ་ནི་ཨིནམ་ལས་ བཙག་འཐུའི་བྱ་རིམ་ ཧ་སུ་སྦེ་ འགོ་འདྲེན་འཐབ་དགོ་པའི་ གྲོས་འཆར་ཕུལ་ཡོད་རུང་ དེ་ལུ་ སྲིད་ཚོགས་གཞན་ཚུ་གིས་ རྒྱབ་འགལ་སྒྲིང་སྒྲིང་འབད་མི་ལུ་བརྟེན་ མཐར་འཁྱོལ་མ་ཚུགས།
ཨིན་རུང་ ད་རིས་ཀྱི་ཉིནམ་འདི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ བཙག་འཐུ་འབད་ནི་གི་ ཉིནམ་ཨིནམ་ལས་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་སྟེ་ རང་སོའི་ཐོབ་དབང་འདི་ འཕྲོ་བརླག་མ་འགྱོ་བར་ བསྟར་སྤྱོད་འབད་ཐོག་ལས་ དམངས་གཙོའི་བྱ་རིམ་ལུ་ ལྷན་ཐབས་འབད་བའི་ དཔའ་ཉམས་བསྐྱེད་དགོ།
ཚོགས་རྒྱན་སྐྱུར་མི་ཚུ་གིས་ རང་སོའི་གདམ་ཁ་དང་འཁྲིལ་ ཚོགས་རྒྱན་བཙུགས་མིའི་ གྲུབ་འབྲས་ཚུ་ ད་རིས་ཕྱི་རུའི་ཆུ་ཚོད་༥ ལས་ ཤེས་ཚུགས་ཟེར་ ཞུ་ནི་ཨིན།

No comments:

Post a Comment