གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་ཁྲོམ་ཁར་ ཡོངས་གྲགས་ཅན་ཅིག་ཨིན་མི་ སམ་ཌོ་ཡ།

༢༩/༤/༢༠༡༣   ༉ བསམ་རྩེ་ཁྲོམ་གྱི་ ཚོང་ཁང་ཚུ་གི་སྦུག་ལུ་ ཆང་ཁང་ཅིག་དང་ བཟའ་ཁང་ཆུང་ཀུ་ཅིག་བཙུགས་ཏེ་སྡོད་མི་ སམ་ ཌོ་ཡ་ཟེར་མི་དེ་ ཁྲོམ་ཁའི་ མི་ཚུ་གིས་མ་ཚད་ རྫོང་ཁག་གི་ ས་ཁོངས་ཚུ་ནང་སྡོད་མི་ མང་ཤོས་ཅིག་གིས་ར་ ངོ་ཤེས་དོ་ཡོདཔ་ཨིན་པས།
སམ་ཌོ་ཡ་གིས་ ཉིན་མའི་བཞེས་སྒོ་འབད་བའི་བསྒང་།


ཡོངས་གྲགས་ལུ་ ཁོ་གི་མིང་ལུ་ ཌོ་ཡ་ཟེར་ འབོ་དོ་ཡོདཔ་ད་ ས་ཁོངས་དེ་ནང་སྡོད་མི་ མང་ཤོས་ཅིག་གིས་ བཞེས་སྒོ་ཚུ་བཟའ་བར་ སྐྱེས་ལོ་༥༡ འབད་མི་ ཕོ་སྐྱེས་དེ་གི་ ཚོང་ཁང་ནང་ འགྱོ་དོ་ཡོདཔ་ཨིན་པས།
རེས་ཅིག་སྐབས་ མི་ཚུ་ རྫོང་ཁག་གི་ས་གནས་ གཞན་ཁར་ལས་ཕར་ བཤལ་འགྱོ་བའི་སྐབས་ལུ་ཡང་ ལྟོ་བཟའ་དགོ་མནོཝ་ད་ ལམ་ཁར་ལས་ར་ ཌོ་ཡ་ལུ་ འགྲུལ་འཕྲིན་བཏང་ཐོག་ལས་ སྔོན་མངགས་འབད་བཞག་དོ་ཡོདཔ་ད་ ཌོ་ཡ་གིས་ མི་ཚུ་ལྷོདཔ་ཅིག་ བཞེས་སྒོ་ཚུ་ གྲ་སྒྲིག་སྦེ་ བཟོ་བཞག་དོ་ཡོདཔ་ཨིན་པས།
ཁོ་གི་བཟའ་ཁང་ནང་འཛུལཝ་ཅིག་ ཌོ་ཡ་གིས་ ངོ་ཤེསཔ་ཨིན་རུང་མེན་རུང་ དགའ་འཛུམ་སྟོན་ཏེ་ ཁ་ལེགས་ཤོམ་སྦེ་ སླབ་དོ་ཡོདཔ་ད་ བཞེས་སྒོ་ཚུ་ཡང་ ཧིང་སངས་ས་དང་ གཙང་ཏོག་ཏོ་སྦེ་ འབད་དོ་ཡོདཔ་ལས་ མི་ཚུ་གིས་ ཁོ་གི་བཟའ་ཁང་དེ་ནང་ར་ འགྱོ་དགོ་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཏེ་ཨིན་པས།
སམ་ཌོ་ཡ་ལུ་ གནས་ཚང་དང་ ཨ་ལུ་མེད་པའི་ཁར་ ཕམ་ཡང་མེདཔ་ཨིན་རུང་ ཁོ་གིས་ ཉིནམ་ཨ་རྟག་ར་ བཞེས་སྒོ་འབདཝ་ད་ ལག་ལེན་འཐབ་དགོ་པའི་ གྱོན་ཆས་ཨེ་པོ་རོན་ གྱོན་ཐོག་ལས་ རྩ་འགེངས་ཏེ་ ལཱ་འབད་སར་མཐོངམ་ཨིན་པས།
སམ་ཌོ་ཡ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ད་རེས་ ཁོ་གིས་ ཆང་ཁང་བཙུགས་མི་ སྒྲིང་ཁྱིམ་དེ་ བསམ་རྩེ་གྲྭ་ཚང་གི་ ཨིན་ཟེར་ཨིནམ་ད་ དེ་གི་རྒྱབ་ལུ་ བཟའ་ཁང་ཆུང་ཀུ་ཅིག་ཡོད་མི་དེ་ ཤུལ་ལས་ ཁོ་ར་གིས་ རྐྱབ་ཅི་ཟེར་ཨིན་པས།
རྡོ་རོ་ཁ་ འཇིགས་མེད་སེངྒེ་གཡུས་ཚན་ནང་ལས་ཨིན་མི་ སམ་ཌོ་ཡ་དེ་ སྤྱི་ལོ་༡༩༨༡ ལས་འགོ་བཙུགས་ སྤྱི་ལོ་༢༠༠༢ ཚུན་ བསྟན་སྲུང་དམག་མི་སྦེ་ ཕྱག་ཞུ་ཡོདཔ་ད་ སྤྱི་ལོ་༢༠༠༢ ལུ་ དགོངས་ཞུ་འབད་མི་དང་འཁྲིལ་ ཆང་ཁང་དང་ བཟའ་ཁང་དེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
མ་གཞི་ ཧེ་མ་ཚར་ཅིག་ ཁོ་ར་ གཉེན་རྐྱབ་པའི་ཤུལ་ལུ་ ཨ་ལུ་ཅིག་ཡང་ སྐྱེས་ཡོདཔ་ཨིན་རུང་ ཨ་ལུ་དེ་ ཤི་སོ་པའི་ཁར་ ཨམ་སྲུ་དེ་ཡང་ ཁ་བྱེལ་ཡོདཔ་ཨིན་པས།
ཁོ་ར་ ཆུང་ཀུ་སྦེ་ སྡོད་པའི་བསྒང་ལས་ར་ བཞེས་སྒོ་འབད་ནི་ལུ་ སྤྲོ་བ་ཡོདཔ་ད་ དམག་མི་ནང་སྡོད་པའི་སྐབས་ལུ་ཡང་ བཞེས་སྒོ་འབད་ནིའི་ལཱ་ཚུ་ འབད་དེ་ར་ སྡོད་ཡོདཔ་ཨིན་པས།
ཆང་ཁང་དང་ བཟའ་ཁང་གཉིས་ཆ་རའི་ནང་ ལཱ་འབད་མི་ ཁོ་ར་རྐྱངམ་གཅིག་ལས་མེདཔ་ད་ ཁོ་གིས་སླབ་མིའི་ནང་ མ་གཞི་ ཁོ་ར་དང་གཅིག་ཁར་ ལཱ་འབད་མི་ཅིག་ འཚོལ་དགོཔ་སྦེ་ མཐོངམ་ཨིན་རུང་ ལཱ་འབད་མི་འཐོབ་མི་ཚུགས་པས་ཟེར་ཨིནམ་ད་ ཁོ་ར་ ཨ་རྟག་ར་ ལཱ་འབད་སྡོད་ནི་དེ་གིས་ ལཱ་ཁག་ཅིག་ཡང་ མི་མཐོང་པས་ཟེར་ཨིན་པས།
སམ་ཌོ་ཡ་ལུ་ ཨམ་སྲུ་དང་ ཨ་ལུ་ཡང་མེདཔ་མ་ཚད་ ཕམ་ཡང་མེདཔ་ལས་ དེམ་ཅིག་ར་ རྩ་འགེངས་ཐོག་ལས་ ལཱ་འབད་དེ་ རྒྱུ་དངོས་ཚུ་ ག་ལུ་སྤྲོད་ནི་སྨོ་ཟེར་ དྲི་བའི་ལན་ལུ་ ཁོ་ར་ ལོ་ན་རྒས་ཏེ་ ལཱ་འབད་མ་ཚུགསཔ་ ཐལ་བའི་སྐབས་ ཁོ་ལུ་ ག་གིས་ལེགས་ཤོམ་ འབད་མི་དེ་ལུ་ བྱིན་ནི་ཨིན་ཟེར་ཨིན་པས།
ཁོ་ར་ ཤེས་ཡོན་མེད་མི་ཅིག་འབདཝ་ལས་ ཉིན་བསྟར་དང་ ལོ་བསྟར་གྱི་ཁེ་སང་ཚུ་ ག་དེ་སྦེ་ར་ ཐོབ་དོ་ཡོདཔ་ཨིན་ནའི་ ཐོ་མི་བཞག་དོ་ཡོདཔ་ད་ ཨིན་རུང་ ཁོ་གི་ཚོང་འབྲེལ་དེ་ རྒུད་མ་ཕོགཔ་ཅིག་སྦེ་ འགྱོཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཉིནམ་རེ་ལུ་ ཁོ་གི་བཟའ་ཁང་ནང་ བཞེས་སྒོ་བཟའ་མི་༡༠ ལས་༢༥ དེ་རེ་ འོངམ་མས་ཟེར་ཨིནམ་ད་ དེ་ཚུ་གི་གྲས་ལས་ མང་ཤོས་ར་ རེས་གཟའ་ཉི་མ་དང་ ཟླ་བ་ལུ་ འོང་ནི་འདུག་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ མང་ཤོས་ར་ ཁོ་རའི་ གཡུས་ཁ་གི་མི་ཚུ་ ཉིནམ་རེ་ནང་ མི་༣༠ དེ་རེ་ཡང་ འོང་ནི་ཡོདཔ་ཨིན་རུང་ ད་རེས་ རྡོ་རོ་ཁ་ལུ་ འགྲུལ་འཁོར་ལམ་ ལྷོད་ནི་དེ་གིས་ གཡུས་མི་མང་ཤོས་ཅིག་གིས་ ཉོ་ཚོང་རྐྱབ་པར་ བསམ་རྩེ་ཁྲོམ་ཁར་ མི་འོང་དོ་ཡོདཔ་ལས་ ཁོ་གི་ཚོང་འབྲེལ་ཡང་ མར་བབས་སོང་ཡི་ཟེར་ཨིན་པས།
སམ་ཌོ་ཡ་གིས་ བཤད་མིའི་ནང་ ད་རེས་ནངས་པ་ མི་གཞན་ཚུ་ ཨམ་སྲུ་དང་ ཨ་ལུ་ཁྱིད་དེ་མཐོང་རུང་ སེམས་མི་ཤི་བས་ཟེར་ཨིནམ་ད་ དེ་ཡང་ ཨམ་སྲུ་དང་ ཨ་ལུ་ཡོད་པའི་བསྒང་ལས་ ཚ་གྱང་དང་ སྡུག་བསྔལ་ཐེབས་ཕོག་ནིའི་ གཞི་ཅིག་ལས་མི་འོང་ཟེར་བའི་ མནོ་བསམ་བཏང་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
སམ་ཌོ་ཡ་གི་ བཟའ་ཁང་ནང་འོང་སྟེ་ བཞེས་སྒོ་བཟའ་མི་ ཏ་ཤིམ་གཡུས་ཚན་ལས་ ནའི་ན་ ག་ལེ་གིས་འབད་བ་ཅིན་ ཁོ་གིས་ ཨ་རྟག་ར་ ཌོ་ཡ་གི་ཚོང་ཁང་ནང་ འགྱོ་དོ་ཡོད་མི་དེ་ཡང་ ག་དེམ་ཅིག་སྦེ་ ཁོ་ར་ལུ་ ཏི་རུ་མེད་པའི་སྐབས་ལུ་ ཤུལ་ལས་བྱིན་རུང་ བཏུབ་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་མ་ཚད་ ཚོང་མགྲོན་པ་ཚུ་ལུ་ ཞབས་ཏོག་གི་ཐད་ལས་འབད་རུང་ ཚོང་ཁང་གཞན་ཚུ་དང་ཕྱདཔ་ད་ སམ་ཌོ་ཡ་གི་དེ་ དྲག་པས་ཟེར་ཨིན་པས།
སམ་ཌོ་ཡ་གིས་ ཁོ་རའི་ཉིན་བསྟར་གྱི་ལཱ་དང་འཁྲིལ་ རེ་ཚེ་སྐབས་ དྲོ་པའི་ཆུ་ཚོད་༤ དང་༥ དེ་ཅིག་ལས་ ལོང་དོ་ཡོདཔ་ད་ སང་འཕོས་ཁོ་རའི་གཡུས་ཁར་ ཁྱིམ་ཆུང་ཀུ་ཅིག་ རྐྱབ་ནིའི་འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།  

No comments:

Post a Comment