གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རཔ་ཚུ་གིས་ འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་པ་བགྲེསཔ་ཅིག་ བཙག་འཐུ་འབད་ཡོདཔ།

༢༧/༤/༢༠༡༣   ༉ རྩི་རང་རྫོང་ཁག་གི་ མི་སེར་མང་ཤོས་ཅིག་གིས་ སླབ་མིའི་ནང་ ན་ཚོད་ ཤེས་ཚད་དང་ ལཱ་གི་ཉམས་མྱོང་ཡོདཔ་མ་ཚད་ ལྷག་པར་དུ་ རྫོང་ཁ་ལེགས་ཤོམ་སྦེ་ སླབ་ཚུགས་མི་ འདེམས་ངོ་ཅིག་ བཙག་འཐུ་འབད་ཚུགས་མི་དེ་ མ་འཛོལ་ཟེར་ཨིན་པས།
རྩི་རང་གི་ མི་སེར་ཚུ་གིས་ ཚོགས་རྒྱན་བཙུགས་པའི་བསྒང་།


དཀྱིལ་འཁོར་ཐང་རྒེད་འོག་ལས་ སྐྱེས་ལོ་༦༠ ལང་མི་ཅིག་གིས་ སླབ་མིའི་ནང་ ང་བཅས་ཀྱིས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་འབད་མི་ ཀ་མཱལ་ གུ་རུང་དེ་ ག་ཅིའི་ཐད་ལས་འབད་རུང་ ལྕོགས་གྲུབ་ཡོད་མི་ཅིག་ཨིནམ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
འགྲམ་ཕུ་ཁྲོམ་ཁ་ལས་ སྐྱེས་ལོ་༢༥ ལང་མི་ཅིག་གིས་ སླབ་མིའི་ནང་ ཀ་མཱལ་ གུ་རུང་གིས་ རྩི་རང་རྫོང་ཁག་ནང་ གློག་མེ་བཀྲམ་སྤེལ་འབད་ཡོདཔ་མ་ཚད་ མི་སེར་གྱི་གནས་སྟངས་ཚུ་ ལེགས་ཤོམ་སྦེ་ར་ ཧ་གོ་ཚུགས་ནི་དེ་གིས་ ཚོགས་རྒྱན་ཡང་ ཁོ་ལུ་བཙུགས་ཡོདཔ་ལས་ སྟོང་ལོག་མ་འགྱོ་ཟེར་ཨིན་པས།
སྐྱེས་ལོ་༤༦ ལང་མི་ ཀ་མཱལ་ གུ་རུང་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ ཚོགས་རྒྱན་གྱི་ གྱངས་ཁ་མཐོ་ཤོས་དེ་ ཁོ་རའི་འདེམས་ཁོངས་ མནྜལ་སྒང་རྒེད་འོག་ནང་ལས་ ཐོབ་ཡོདཔ་ཨིན་པས།
ཁོ་གིས་ རྒེད་འོག་ནང་ལས་ ཚོགས་རྒྱན་ཡོངས་བསྡོམས་༤༣༥ ཐོབ་ཡོད་རུང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ཇཱསི་ཀྲིན་ གུ་རུང་གིས་༡༥ དང་ ནོ་བཱིན་དར་ལ་མི་གིས་༣༠ པ་སངས་ཐིང་ཏ་མང་གིས་༣༨ སངས་རྒྱས་ཏ་མང་གིས་༦༠ དེ་ལས་ ཤི་ཡམ་བཱསི་ནེཊི་གིས་༤༠ ལས་ཐོབ་མ་ཚུགསཔ་ཨིན་པས།
ད་རུང་ ཁོ་གིས་ འདེམས་ངོ་ཐོན་མི་ རྒེད་འོག་༤ ནང་ལས་ ཚོགས་རྒྱན་རན་ཏོག་ཏོ་ཐོབ་ཡོད་རུང་ ཚོགས་སྡེའི་འཐུས་མི་བགྲེསཔ་གིས་ དོ་འགྲན་འབད་མི་ ཕུན་བརྟན་ཆུ་རྒེད་འོག་ནང་ལས་ མཐོ་ཤོས་དང་ ད་རུང་ འདེམས་ངོ་མེད་མི་ གསེར་གྱི་ཐང་དང་ སེམས་ལྗོངས་རྒེད་འོག་༢ ནང་ལས་ ཚོགས་རྒྱན་གྱི་གྱངས་ཁ་ མཐོ་ཤོས་ཐོབ་ཡོདཔ་ད་ འདེམས་ངོ་མེད་མི་ བར་གཤོང་དང་ རང་ཐང་གླིང་རྒེད་འོག་༢ ནང་ལས་ པ་སངས་ཐིང་ ཏ་མང་གི་ཤུལ་ལས་ར་ མཐོ་ཤོས་ཨང་༢ པ་ཐོབ་ནུག།
སྒོ་སེར་གླིང་དང་ རྩི་རང་སྟོད་ དཀྱིལ་འཁོར་ཐང་ མཚོ་གླིང་མཁར་རྒེད་འོག་ཚུ་ནང་ལས་ འདེམས་ངོ་ཚུ་ ཐོན་ཡོདཔ་ཨིན་པས།
འདེམས་ངོ་སྦེ་ བཅའ་མར་མ་གཏོགས་པའི་ཧེ་མར་ རྩི་རང་དང་ དར་དཀར་ནང་རྫོང་ཁག་༢ ཀྱི་དོན་ལུ་ ལོ་༥ འི་རིང་ འབྲུག་གློག་མེ་ལས་འཛིན་གྱི་ གྲོང་གསེབ་གློག་མེ་བཀྲམ་སྤེལ་སྡེ་ཚན་གྱི་ འཛིན་སྐྱོང་པ་སྦེ་ཕྱག་ཞུ་མི་གིས་ འགྲེམ་ཐོག་ཚོགས་རྒྱན་ཡང་ མཐོ་ཤོས་ཐོབ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འདས་པའི་ལོ་༥ འི་རིང་ རྫོང་ཁག་ནང་སྡོད་པའི་རིང་ མི་སེར་ཚུ་དང་འབྲེལ་བ་འཐབ་མི་ལུ་བརྟེན་ ཁོ་གིས་ རྒྱལ་ཁ་ཐོབ་པའི་ མནོ་བསམ་བཏང་ཡི་ཟེར་ཨིནམ་ད་ བཙག་འཐུ་གྲུབ་པའི་ཤུལ་ལུ་ འགན་ཁུར་ཐེབས་ཕོག་ནི་དེ་གིས་ ཐ་དམ་ཚིག་གཙོ་བོར་བཏོན་ཏེ་ ཕྱག་ཞུ་ནིའི་ཁས་བླངས་ཕུལཝ་ཨིན་ཟེར་ ཐའི་ལེནཌི་རྒྱལ་ཁབ་ནང་ལས་ གློག་རིག་ནང་ མཱསི་ཊརསི་ཤེས་ཚད་ཡོད་མི་གིས་ སླབ་ཨིན་པས།
ཚོགས་རྒྱན་གྱི་གྱངས་ཁ་ ཉུང་ཤོས་ཐོབ་མི་ ཚོགས་སྡེའི་འཐུས་མི་བགྲེསཔ་ ཇཱསི་ཀྲིན་ གུ་རུང་དེ་ ཕམ་སོ་པའི་ཤུལ་ལུ་ ལོག་སྟེ་རྒྱལ་ས་ལུ་སོང་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ འབྲུག་གི་དམངས་གཙོའི་རིང་ལུགས་དེ་ སྒྲིང་སྒྲིང་འགྱོ་དོ་ཟེར་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ མི་སེར་ཚུ་ལུ་ གོ་རྟོགས་ལེགས་ཤོམ་ཡོད་མི་ལུ་བརྟེན་ ལྕོགས་གྲུབ་ཅན་གྱི་མི་ངོམ་དེ་ གདམ་འཐུ་འབད་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ བཙག་འཐུ་གྲུབ་མི་ ཀ་མཱལ་ གུ་རུང་ལུ་ བཀྲིས་བདེ་ལེགས་དང་གཅིག་ཁར་ རྒྱལ་ཁབ་དང་མི་སེར་ལུ་ ཕྱག་ཕྱིད་གང་དྲག་ཞུ་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment