གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒརཔ་ཚུ་གིས་ ན་གཞོན་གདམ་ཁ་རྐྱབ་ཡོདཔ།

༢༤/༤/༢༠༡༣   ང་ རྒྱལ་ཁ་འཐོབ་འོང་ཟེར་ མནོ་ར་མ་མནོ་ཟེར་ མོང་སྒར་རྫོང་ཁག་ལས་ རྒྱལ་ཡོངས་ཚོེགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་གྲུབ་མི་གིས་ སླབ་ཨིན་པས།
༉ ཁ་ཙ་ ཕྱི་རུའི་ཆུ་ཚོད་༨ དེ་ཅིག་ཁར་ མོང་སྒར་རྫོང་ཁག་གི་ ངོས་ལེན་འགོ་དཔོན་གྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་གྲུབ་འབྲས་གསལ་བསྒྲགས་འབདཝ་ད་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་གསུམ་ལས་ གཞོན་ཤོས་ཅིག་ཨིན་མི་ སྔ་ཚང་རྒེད་འོག་ལས་ སྐྱེས་ལོ་༢༦ ལང་མི་དེ་ རྨི་ལམ་ཨིན་ན་ དངོས་སུ་ཨིན་ན་མ་ཤེས་པའི་ གནས་སྟངས་ཅིག་ལུ་ གྱུར་བ་གིས་ མ་ཚད་པར་ མི་ཚུ་ཡང་ ཧ་ལས་དགོཔ་བྱུང་ནུག།
ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་ཡིག་གུ་ ལག་རྗེས་རྐྱབ་པའི་བསྒང་།


དེ་ཡང་ ཡ་སྡི་ལས་ཨིན་མི་ བསོད་ནམས་དབང་ཕྱུག་དེ་ བཙག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་མི་གིས་ རྒེད་འོག་༡༧ ལས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ ཚོགས་རྒྱན་ཡོངས་བསྡོམས་༡༠,༡༣༩ བཙུགས་མི་ལས་༤,༢༤༧ དང་ འགྲེམ་ཐོག་ཚོགས་རྒྱན་༥༧༤ འབདཝ་ད་ བསྡོམས་ཀྱིས་རྒྱན་གྲངས་༤,༨༢༡ ཐོབ་སྟེ་ མོང་སྒར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཅི།
ང་ མཐོ་རིམ་སློབ་གྲྭ་མཐར་འཁྱོལཝ་ཅིག་ར་ཨིནམ་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་འོང་ཟེར་ མནོ་བསམ་ར་ མ་བཏང་ཟེར་ ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་གྲུབ་མི་ བསོད་ནམས་དབང་ཕྱུག་གིས་ བཤད་པའི་ཁར་ ངོས་ལེན་འགོ་དཔོན་གྱིས་ རྒྱལ་ཁ་ཐོབ་མི་དེ་ ང་ཨིན་པས་ཟེར་ གསལ་བསྒྲགས་འབདཝ་ད་ ཧ་ལས་དགོཔ་ བྱུང་ཡི་ཟེར་ སླབ་ཨིན་པས།
མི་སེར་ཚུ་གིས་ ང་བཟུམ་མའི་ ན་གཞོན་གདམ་འཐུ་གྲུབ་གནངམ་ད་ འགན་ཁུར་ལྕི་དྲགས་དེ་ ན་གཞོན་ཚུ་གིས་ཡང་ འབག་ཚུགས་ནི་ཨིན་པའི་ བརྡ་མཚོན་སྟོནམ་མས་ཟེར་ སྤྱི་ལོ་༢༠༡༢ ལུ་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་ བསོད་ནམས་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མོང་སྒར་རྫོང་ཁག་གི་ མི་སེར་ཡོངས་ཀྱིས་ ཁོ་ལུ་ བློ་གཏདཔ་བཞིན་དུ་ ཁོ་གི་ཁ་ཐུག་ལས་འབད་རུང་ བསྐུལ་བསྒྲགས་དང་ སྤྱིར་བཏང་གྲོས་འཛོམས་སྐབས་ ཁས་བླངས་འབད་དོ་བཟུམ་ མོང་སྒར་དེ་ རང་ལྡང་བཟོ་ནིའི་དོན་ལུ་ དཔལ་འབྱོར་གོང་འཕེལ་གཏང་ནི་དང་ ངན་ལྷད་མེདཔ་བཟོ་ནིའི་ ཁྲིམས་ཡིག་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ཐོག་ལས་ ན་གཞོན་ཚུ་གི་ དཀའ་ངལ་ཚུ་ ངོས་འཛིན་ཐོག་ སེལ་ཐབས་འབད་ནི་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲི་༡ གི་དོན་ལུ་ འདེམས་ངོ་གསུམ་གྱིས་ དོ་འགྲན་འབད་མི་ལས་ ས་གླིང་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བགྲེསཔ་ སྐྱེས་ལོ་༤༧ ལང་མི་ གནས་ཆུ་གིས་ འགྲེམ་ཐོག་ཚོགས་རྒྱན་༢༦༨༤ བཙུགས་མི་ལས་༡༤༠༦ ཐོབ་སྟེ་ འདེམས་ངོ་གཞན་གཉིས་ཆ་ར་ལས་ རྒྱལ་ཁ་ཐོབ་ཡོདཔ་ལས་ བློ་བདེ་ཏོག་ཏོ་བྱུང་ཡོད་རུང་ ཚོགས་རྒྱན་འཕྲུལ་ཆས་ནང་ ཚོགས་རྒྱན་༣,༠༧༨ མ་གཏོགས་ ཐོབ་མ་ཚུགས། བསོད་ནམས་དབང་ཕྱུག་གིས་ གནས་ཆུ་ལས་ ཚོགས་རྒྱན་༣༣༧ ཐེབས་ཐོབ་སྟེ་ རྒྱལ་ཁ་ཐོབ་ཅི།
དེ་ལས་ ན་རང་རྒེད་འོག་ལས་ སྐྱེས་ལོ་༣༣ ལང་མི་ སློབ་གྲྭའི་སློབ་དཔོན་བགྲེསཔ་ ཚོ་རིང་དབང་ཆེན་གྱིས་ འགྲེམ་ཐོག་ཚོགས་རྒྱན་༥༢༤ རྩིས་ཏེ་ རྒྱན་གྲངས་༣,༣༣༨ ཐོབ་མི་དེ་ འདེམས་ངོ་༣ ལས་ དམའ་ཤོས་ཨིན་པས།
རྒེད་འོག་༡༧ གྱི་ ཚོགས་རྒྱན་ས་ཁོངས་༧༦ ནང་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་ཚུ་ལུ་ལྟཝ་ད་ བཙག་འཐུ་གྲུབ་མི་ བསོད་ནམས་དབང་ཕྱུག་གིས་ ཚོགས་རྒྱན་མཐོ་ཤོས་ར་ ལྕགས་སི་མཁར་རྒེད་འོག་ལུ་ ཚོགས་རྒྱན་བཙུགས་མི་༧༡༦ ལས་༤༩༩ ཐོབ་ཡོདཔ་ད་ དེ་གི་ཤུལ་ལས་ར་ ཁོ་རའི་རྒེད་འོག་ སྔ་ཚང་ལས་ ཚོགས་རྒྱན་༣༨༩ དང་ སྐྱེངས་མཁར་ལས་༣༧༦ འབྲས་སྤུངས་ལས་༣༦༡ ཆ་གླིང་ལས་༣༥༠ ཐང་རོང་ལས་༢༥༦ ཤེལ་རི་མུ་ཧུང་ལས་༢༨༡ རྩ་མང་ལས་༢༥༠ མོང་སྒར་རྒེད་འོག་ལས་༢༣༩ རྩ་ཀ་གླིང་ལས་༢༣༠ འགྱུར་མེད་ལས་༢༢༩ ཙ་གླིང་ལས་༢༠༣ དགོངས་འདུ་ལས་༡༨༢ དགྲ་མེད་རྩེ་ལས་༡༢༩ བ་ལམ་ལས་༡༡༨ སི་ལམ་སྦིས་ལས་༡༡༥ དེ་ལས་ དམའ་ཤོས་ར་ ན་རང་རྒེད་འོག་ལས་༤༠ ཐོབ་ནུག།
བསོད་ནམས་དབང་ཕྱུག་ རྒྱལ་ཁ་ཐོབ་མི།

ཁོ་གི་དོ་འགྲན་པ་ གནས་ཆུ་གིས་ ཚོགས་རྒྱན་འཕྲུལ་ཆས་ཐོག་བཙུགས་མི་ རྒྱན་གྲངས་མཐོ་ཤོས་ར་ མོང་སྒར་རྒེད་འོག་ལས་༡༠༩༤ བཙུགས་མི་ལས་༦༠༡ ཐོབ་ཡོདཔ་མ་ཚད་ དེ་གི་ཤུལ་ལས་ར་ ཁོ་གི་རྒེད་འོག་ ས་གླིང་ལས་༤༧༠ དང་ ཐང་རོང་ལས་༤༠༣ ཙ་ཀ་གླིང་ལས་༢༠༣ དགོངས་འདུ་ལས་༡༧༩ ཤེལ་རི་མུ་ཧུང་ལས་༡༣༠ སྐྱེངས་མཁར་ལས་༡༢༧  དགྲ་མེད་རྩེ་ལས་༡༡༧ ཆ་གླིང་ལས་༡༡༦ སི་ལམ་སྦིས་ལས་༡༡༤ དེ་ལས་ དམའ་ཤོས་ར་ འབྲས་སྤུངས་ལས་༦༠ ཐོབ་ནུག།
དེ་ལས་ ཚེ་རིང་དབང་ཆེན་གྱིས་ ཚོགས་རྒྱན་མཐོ་ཤོས་ར་ དགྲ་མེད་རྩེ་རྒེད་འོག་གིས་ ཚོགས་རྒྱན་༨༢༩ བཙུགས་མི་ལས་༥༨༣ དང་ ཁོ་གི་རྒེད་འོག་ན་རང་ལས་ ཚོགས་རྒྱན་༥༧༤ བཙུགས་མི་ལས་༣༧༣ ཐོབ་པའི་ཁར་ མོང་སྒར་རྒེད་འོག་ལས་༢༥༤ བ་ལམ་རྒེད་འོག་ལས་༢༡༦ སྐྱེངས་མཁར་ལས་༡༨༡ འགྱུར་མེད་ལས་༡༧༤ ཤེལ་རི་མུ་ཧུང་ལས་༡༥༢ ལྕགས་སི་མཁར་ལས་༡༣༩ སི་ལམ་སྦིས་ལས་༡༣༢ ཐོབ་ཡོདཔ་ད་ འབྲས་སྤུངས་ལས་༥༢ ཐོབ་མི་དེ་ དམའ་ཤོས་ཅིག་ཨིན་པས།
དགྲ་མེད་རྩེ་ལས་ སྐྱེས་ལོ་༥༥ ལང་མི་ ཕོ་སྐྱེས་ཅིག་གིས་ སླབ་མིའི་ནང་ དངོས་མཐོང་རྩོད་འགྲན་སྐབས་ བསོད་ནམས་དབང་ཕྱུག་ལུ་ལྟ་སྟེ་ ངལ་རངས་བྱུང་ཡོདཔ་ལས་ ཁོ་ན་གཞན་ཅིག་ཨིན་རུང་ ལྕོགས་གྲུབ་འོང་ནི་མས་མནོ་སྟེ་ ཁོ་ལུ་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ནང་ ཚོགས་རྒྱན་ས་ཁོངས་༧༦ ཡོད་མིའི་ནང་ ཨམ་སྲུ་༦༠༣༥ དང་ ཕོ་སྐྱེས་༤༡༠༤ གིས་ ཚོགས་རྒྱན་བཙུགས་ཡོད་རུང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཕོ་སྐྱེས་༡༤༦༡༡ དང་ ཨམ་སྲུ་༡༥༦༦༣ རྩིས་ཏེ་བསྡོམས་ཀྱིས་༣༠,༢༧༤ ཡོད་མི་ལུ་ལྟཝ་ད་ ཚོགས་རྒྱན་སྐྱུར་མི་བརྒྱ་ཆ་༣༣ དེ་ཅིག་ལས་ མ་འོངམ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment