གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཐུས་ཤོར་མེད་པར་ ཕྱག་ཞུ་ཚུགས་མི་ལུ་ བསམ་པ་རྫོགས་ཡོདཔ།

༢/༤/༢༠༡༣   ༉ སྤྱི་ཟླ་༤ པའི་ཚེས་༡༩ ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་གསརཔ་༥ ངོ་སྤྲོད་འབད་ཡོདཔ་བཞིན་དུ་ རྒྱལ་ཡོངས་ཚོགས་འདུ་ རྩ་གྲོལ་བཏང་མི་དང་བསྟུན་ དམངས་གཙོའི་གཞུང་འགོ་དང་པའི་ ལྡོག་ཕྱོགས་ཀྱི་འགན་ཁུར་ཡང་ མཇུག་བསྡུ་ཡོད་པའི་སྐོར་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ གསལ་བཤད་འབད་ཡི།
ལོ་༥ འི་རིང་ འཐུས་ཤོར་མེད་པར་ཕྱག་ཞུ་མི་ ལྡོག་ཕྱོགས་ཚོགས་པའི་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་དང་ འཐུས་མི་དམ་ཆོས་རྡོ་རྗེ།


ཀུན་གསལ་གྱིས་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ལུ་ དམངས་གཙོའི་གཞུང་འགོ་དང་པ་ དབུ་བརྙེས་ཞིནམ་ལས་ ལྡོག་ཕྱོགས་ཀྱིས་ འགན་ཁག་འབག་སྟེ་ ལཱ་འབད་བའི་སྐབས་ དཀའ་ངལ་ཚུ་ ག་དེ་སྦེ་ར་ བྱུང་ཡོདཔ་ཨིན་ནའི་སྐོར་ལས་ དྲི་བཀོད་འབད་བའི་ལན་ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ ལྡོག་ཕྱོགས་འཐུས་མི་ ཕུད་རྡོག་༢ རྐྱངམ་གཅིག་ལས་ མེད་ནི་དེ་གིས་ དཀའ་ངལ་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིན་པས།
ཨིན་རུང་ ལྡོག་ཕྱོགས་ཚོགས་པ་གིས་ ལོ་༥ འི་རིང་ འཐུས་ཤོར་མེད་པར་ འགན་ཁུར་འབག་ཚུགས་ནི་དེ་གིས་ དཔའ་ཉམས་བྱུང་ཡི་ཟེར་ སླབ་ཨིན་པས།
དཀའ་ངལ་སྦོམ་ཤོས་གཅིག་ སྤྱི་ལོ་༢༠༠༨ ལུ་ མི་སེར་དམངས་གཙོ་ཚོགས་པའི་དོན་ལུ་ ཟད་འགྲོ་བཏང་མི་ཏི་རུ་ཚུ་ ཚོགས་པ་ལུ་ བུ་ལོན་འཁྲི་མི་ཚུ་ བཏབ་དགོཔ་བྱུང་མི་དེ་ ཨིན་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་ཐད་ཁར་ འཐུས་མི་༤༥ ཡོད་ནི་དེ་གིས་ ཚོགས་པའི་བུ་ལོན་ཚུ་ འཇམ་ཏོང་ཏོ་སྦེ་ བཏབ་ཚུགས་ཅི་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ དམ་ཆོས་རྡོ་རྗེ་གིས་ བཤད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་ འགོ་དང་པ་དབུ་བརྙེས་ནི་དེ་གིས་ མི་སེར་ཚུ་ལུ་ ལྡོག་ཕྱོགས་ཟེར་མི་དེ་ ཁོང་གི་དོན་ལུ་ གནད་དོན་གསརཔ་ཅིག་འབདཝ་ལས་ ལྡོག་ཕྱོགས་ཀྱི་འགན་ཁུར་ ག་ཅི་བཟུམ་ཅིག་ཨིན་ན་ གོ་བ་བརྡ་སྤྲོད་འབད་ནི་ལུ་ དཀའ་ངལ་ཅན་ཅིག་སྦེ་ ཚོར་ཡི་ཟེར་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ དང་ཕུ་ ཕམ་ཚུ་གི་སྐབས་ལུ་འབད་བ་ཅིན་ གཞུང་ལུ་ ལྡོག་ཕྱོགས་འབད་བ་ཅིན་ དེ་སྦེ་ འབདཝ་ཨིན་ཟེར་སླབ་སྟེ་ ཉེས་འཛུགས་བཀལ་མི་ཡང་ འདུག་ཟེར་ཨིན་པས།
ཨིན་རུང་ དམངས་གཙོའི་གཞུང་འགོ་བཙུགས་ཏེ་ ལོ་༥ ཡར་སོཔ་ལས་བརྟེན་ དེ་གི་ནང་འཁོད་ལུ་ འབྲུག་པའི་མི་སེར་ཚུ་གིས་ ལྡོག་ཕྱོགས་ཟེར་མི་དེ་ ག་ཅི་ཨིན་ན་དང་ ལཱ་དང་འགན་ཁུར་ཚུ་གི་སྐོར་ལས་ ཧ་གོ་བཅུག་མི་དེ་ ཁོང་གི་ གྲུབ་འབྲས་སྦོམ་ཤོས་ཅིག་ཨིན་ཟེར་ཨིན་པས།
ད་ལས་ཕར་ འབྲུག་པའི་མི་སེར་ཚུ་གིས་ དམངས་གཙོའི་གཞུང་ སྒྲིང་སྒྲིང་བཟོ་ཐབས་ལུ་ གཞུང་སྐྱོང་དང་འདྲཝ་སྦེ་ ལྡོག་ཕྱོགས་དེ་ཡང་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ཚུའི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ནུག་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་ གནས་ཡུན་ལོ་༥ འི་རིང་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུ་བའི་སྐབས་ འཐུས་ཤོར་ག་ནི་ཡང་མེད་པར་ ཕྱག་ཞུ་ཚུགས་མི་དེ་ ཁོང་རའི་དོན་ལས་ གྲུབ་འབྲས་སྦོམ་ཤོས་ཅིག་ ཨིན་ཟེར་ཨིན་པས།
ད་ལས་ཕར་འབད་རུང་ མི་སེར་དམངས་གཙོ་ཚོགས་པའི་ནང་ འདེམས་ངོ་མ་ལང་མི་ཚུ་ ལྕོགས་གྲུབ་ཅན་ཙང་ཙ་ འཚོལ་ཞིནམ་ལས་ ཚོགས་པ་སྒྲིང་སྒྲིང་བཟོ་ནི་ལུ་ དམིགས་གཏད་བསྐྱེད་ནི་ཨིན་ཟེར་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment