གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་ཁ་རྫོང་ཁག་གི་མི་སེར་གྱིས་ འདེམས་ངོ་གསརཔ་ བཙག་འཐུ་གྲུབ་ཡོདཔ།

༢༥/༤/༢༠༡༣   ༉ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བཙག་འཐུའི་སྐབས་ ཆུ་ཁ་རྫོང་ཁག་ལས་ སྐྱེས་ལོ་༣༣ ལང་མི་ པདྨ་བསྟན་འཛིན་གྱིས་ ཚོགས་རྒྱན་༦,༩༩༥ ཐོབ་སྟེ་ ཧེ་མའི་ཚོགས་སྡེའི་འཐུས་མི་ ཚེ་དབང་ལྷམོ་གི་ གདོང་ལན་ སྦོམ་འབད་ཡོདཔ་ཨིན་པས།
བཙག་འཐུ་གྲུབ་མི་འདེམས་ངོ་ པདྨ་བསྟན་འཛིན་དང་ རྒྱབ་སྐྱོར་འབད་མི་ཚུ།


ཚེ་དབང་ལྷམོ་གིས་ ཚོགས་རྒྱན་༣,༦༨༠ ཐོབ་མི་དང་ཕྱདཔ་ད་ པདྨ་བསྟན་འཛིན་གྱིས་ ཚོགས་རྒྱན་བརྒྱ་ཆ་༦༦ གིས་ མཐོཝ་སྦེ་ཐོབ་ཡོདཔ་ད་  ཉིནམ་དེ་ཁར་ མི་གྲངས་༡༠,༦༧༥ གིས་ ཚོགས་རྒྱན་བཙུགས་པར་ འཛོམས་ཡོདཔ་ཨིན་པས།
ཚོགས་རྒྱན་ཡོངས་བསྡོམས་ནང་ འགྲེམ་ཐོག་ཚོགས་རྒྱན་ཚུ་ཡང་ ཚུད་དོ་ཡོདཔ་ད་ པདྨ་བསྟན་འཛིན་གྱིས་ འགྲེམ་ཐོག་ཚོགས་རྒྱན་༤༢༥ དང་ ཚེ་དབང་ལྷ་མོ་གིས་༢༥༡ ཐོབ་ཡོདཔ་ཨིན་པས།
ཆུ་ཁ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢༡,༢༥༣ ཡོད་མི་དང་ཕྱདཔ་ད་ ཚོགས་རྒྱན་བཙུགས་པའི་ཉིན་མར་ ཚོགས་རྒྱན་བཙུགས་པར་འོང་མིའི་ གྱངས་ཁ་དེ་ བརྒྱ་ཆ་༥༠ མ་གཏོགས་མེདཔ་ཨིན་པས།
པདྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ ས་གནས་ཁག་ཚུ་ནང་ བསྐུལ་བསྒྲགས་འབད་མི་དང་འཁྲིལ་ ཁོ་རའི་དོ་འགྲན་པ་དང་གཅིག་ཁར་ འབྲེལ་བ་ལེགས་ཤོམ་སྦེ་ བྱུང་ཡོདཔ་ལས་ ཁོ་གི་སེམས་ཁར་ དམངས་གཙོའི་རིང་ལུགས་ཟེར་མི་དེ་ ཚོགས་རྒྱན་བཙུགས་ནི་ རྐྱངམ་གཅིག་མེན་པར་ ལཱ་ཚུ་ང་བཅས་ར་ག་ར་གིས་ མཉམ་རུབ་དང་ བསམ་འཆར་བརྗེ་སོར་འབད་ནི་དེ་ཡང་ ཁག་ཆེཝ་སྦེ་ མཐོང་ཡི་ཟེར་ཨིན་པས།
ཁོ་གིས་ ཚེ་དབང་ལྷམོ་དེ་ ཁོ་རའི་དོ་འགྲན་པ་སྦེ་མེན་པར་ མི་སེར་ལུ་ གདམ་ཁའི་གོ་སྐབས་བཟུམ་ཅིག་ཨིན་པའི་ དྲན་ཚོར་སྦོམ་ར་བྱུང་ཡི་ཟེར་ཨིན་པས།
ད་ལས་ཕར་ མི་སེར་དང་ ཁོ་རའི་དམིགས་དོན་ཚུ་ འགྲུབ་ནིའི་དོན་ལུ་ ཆུ་ཁ་རྫོང་ཁག་གི་ མི་སེར་ཚུ་དང་གཅིག་ཁར་ མཉམ་རུབ་ཐོག་ལས་ ལཱ་འབད་ནི་ལུ་ དམིགས་འཆར་བསྐྱེད་དོ་ཟེར་ པདྨ་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ མི་སེར་ཚུ་གིས་ ཁོ་ལུ་ ཞབས་ཏོག་ཞུ་ནིའི་ གོ་སྐབས་གནང་མི་ལུ་ ཚོགས་རྒྱན་གྱི་ཉིན་མར་ འབྲེལ་གཏོགས་འབད་མི་ཚུ་ལུ་ དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་མི་ སྐྱབས་ཆ་ལས་ སྐྱེས་ལོ་༣༥ ལང་མི་ བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ པདྨ་བསྟན་འཛིན་གྱིས་ རྒྱང་མཐོང་ནང་ རྩོད་བསྡུར་ཚུ་ཡང་ ལེགས་ཤོམ་སྦེ་ར་ འབད་མི་ལུ་བརྟེན་ མི་སེར་ཚུ་གིས་ གདམ་ཁ་རྐྱབ་མི་དེ་ ལེགས་ཤོམ་ཅིག་ ཨིན་ཟེར་ཨིན་པས།
པདྨ་བསྟན་འཛིན་ལུ་ ཚོང་འབྲེལ་གྱི་རྒྱབ་བརྟེན་ ལེགས་ཤོམ་ཡོདཔ་ལས་ ཁོ་གིས་ མང་ཤོས་ཅིག་ སོ་ནམ་ཞིང་པ་ཨིན་མི་ ཆུ་ཁའི་མི་སེར་ཚུ་ལུ་ དཔལ་འབྱོར་གྱི་སྲིད་བྱུས་ཚུ་ ལེགས་ཤོམ་སྦེ་ བརྩམ་ཐོག་ལས་ ཕན་ཐོགས་བྱུང་བའི་ རེ་བ་སྦོམ་ཡོད་ཟེར་ཨིན་པས།
ཚེ་དབང་ལྷམོ་གིས་ འདས་པའི་ལོ་༥ འི་རིང་ ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་མི་དེ་ མོ་ལུ་ རྒྱལ་རབས་དང་ལྡན་པའི་ ལས་སྣ་ཅིག་ཨིནམ་ད་ ད་ལས་ཕར་ ལཱ་མཇུག་མ་བསྡུ་བར་ཡོད་མི་ཚུ་ པདྨ་བསྟན་འཛིན་གྱིས་ འཕྲོ་མཐུད་དེ་འབད་བའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
དེ་ཚུ་ག་ར་ མི་སེར་གྱི་ གདམ་ཁ་ཨིནམ་བཞིན་དུ་ མི་སེར་གྱིས་ གྲོས་ཐག་བཅད་མི་ལུ་ སེམས་དགའ་ཡི་ཟེར་ཨིནམ་ད་ ད་ཚུན་ལུ་ མོ་གིས་ ཁྲིམས་བཟོའི་ལམ་ལུགས་དང་ ཁྲིམས་ལག་ལེན་འཐབ་ཐངས་ཚུ་གི་སྐོར་ལས་ ལྷབ་སྦྱང་འབད་ཚུགས་མི་དེ་ ཉམས་མྱོང་ལེགས་ཤོམ་ཅིག་ ཨིན་ཟེར་སླབ་ཅི།
སྤྱི་ཚོགས་ཀྱི་ འཐུས་མི་ཅིག་འབདཝ་ལས་ ས་གནས་ཁག་ཚུ་ནང་ འགྲོ་འགྲུལ་འབད་དེ་ མི་སེར་ཚུ་དང་ ཕྱད་ནིའི་ གོ་སྐབས་ཐོབ་མི་ལུ་ སྤྲོ་སྣང་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིནམ་ད་ ད་ལས་ཕར་འབད་རུང་ སྲིད་དོན་དང་ འབྲེལ་བ་མེད་པར་ སྡོད་ནི་ཨིནམ་ལས་ སྲིད་ཚོགས་གཞན་ཚུ་ནང་ཡང་ འཛུལ་བཞུགས་ མི་འབད་ཟེར་ཨིན་པས།

ཆུ་ཁ་རྫོང་ཁག་ནང་ ཚོགས་རྒྱན་ས་ཁོངས་༧༢ ཡོད་མི་དེ་ རྒྱལ་ཁབ་ནང་ མཐོ་ཤོས་ཅིག་ཨིནམ་ད་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢༡,༢༥༣ ཡོད་ས་ལས་༡༠,༥༣༡ ཨམ་སྲུ་ཨིན་པའི་གནས་ཚུལ། 
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment