གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༤/༤/༢༠༡༣   ཚོགས་སྡེའི་བཙག་འཐུ་ མཐར་འཁྱོལ་ཅན།
༉  ཁ་ཙ་ རྒྱལ་ཁབ་མཐའ་དབུས་མེད་པར་ སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཚུ་ བར་ཆད་མ་འབྱུང་པར་ མཐར་འཁྱོལ་ཅན་གྱི་ཐོག་ལས་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་ཚུགས་ནི་དེ་གིས་ ང་བཅས་ར་ འབྲུག་མི་ཚུ་ག་ར་ སེམས་དགའཝ་མ་ཚད་ རང་གིས་མནོ་མི་ འདེམས་ངོ་ལྕོགས་གྲུབ་ཅན་ཚུ་ བཙག་འཐུ་གྲུབ་ཡོད་པའི་ རེ་བ་ཡོད།


ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ནང་ དེ་སྦེ་ལྟཝ་ད་ ན་གཞོན་ཚུ་ལས་ འགོ་བཟུང་སྟེ་ ཐ་ན་ སྐྱེས་ལོ་བརྒྱད་ཅུ་གྱ་གྲངས་ནང་འབད་མི་ རྒན་རྒས་ཚུ་གིས་ཡང་ ས་ཐག་རིང་ས་ལས་ རྐང་སྟོང་སྦེ་ ལག་པར་འཁརཝ་བཤེད་དེ་ ལཱ་ཁག་སྦེ་ ཚོགས་རྒྱན་བཙུགས་པར་ འོང་མི་དེ་ཡང་ གཙོ་བོ་ར་ དམངས་གཙོའི་རིང་ལུགས་ནང་ ལྕོགས་གྲུབ་ཅན་གྱི་ ཚོགས་སྡེའི་འཐུས་མི་ཅིག་ བཙག་འཐུ་འབད་ནིའི་དོན་ལུ་ཨིན་མས།
འདས་པའི་ལོ་ལྔའི་ཧེ་མར་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ལུ་ ཚོགས་རྒྱན་བཙུགས་མི་ཚུ་ མང་ཤོས་ར་ ཚོགས་སྡེའི་ལཱ་དང་འགན་ཁུར་ཚུ་གི་སྐོར་ལས་ ཧ་མ་གོ་བའི་ཁར་ ཚོགས་རྒྱན་ཡང་ ག་ལུ་བཙུགས་ནི་ཨིན་ན་མ་ཤེས་པར་ མགུ་འཐོམ་ལུས་པའི་ ལོ་རྒྱུས་ཚུ་ གོཝ་ཨིན་རུང་ ད་རེས་འབདཝ་ད་ ཨ་ལུ་ཅིག་ལས་ འགོ་བཟུང་སྟེ་ མཐའ་ཟུར་གཡུས་ཚན་ནང་སྡོད་མི་ འབྲི་ལྷག་མ་ཤེས་པའི་ རྒན་ཤོས་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འགན་འཁྲི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཧ་གོ་བའི་ཁར་ ཚོགས་རྒྱན་ཡང་ མི་ངོམ་ག་བཟུམ་ཅིག་ལུ་ བཙུགས་དགོཔ་ཨིན་ན་ ཧ་གོ་ནུག།
འདེམས་ངོ་ཚུ་འབད་རུང་ མང་པའི་སྦུག་ལས་སེལ་ ཉུང་པའི་སྦུག་ལས་གདམ་སྟེ་ གཅིག་བ་གཅིག་དྲགཔ་ཡོད་པའི་ཁར་ དམངས་གཙོའི་རིང་ལུགས་ནང་ རྒྱལ་ཡོངས་ཚོགས་སྡེའི་འགན་འཁྲི་ ཁྲིམས་བཟོ་ནི་དང་ བསྐྱར་ཞིབ་འབད་ནི་ཚུ་གི་སྐོར་ལས་ ཡོངས་རྫོགས་ཤེསཔ་མ་ཚད་ ཁོང་རའི་ བསྐུལ་བསྒྲགས་ལས་རིམ་གྱི་སྐབས་ལུ་ རྒྱལ་ཁབ་དང་ མི་སེར་ཚུ་གི་མཐའ་དོན་ལུ་ ཕན་གནད་ཆེ་བའི་ འཆར་གཞི་དང་ལས་རིམ་ སྤུས་དག་ཅན་ཙང་ཙ་ ཁས་བླངས་གསལ་བསྒྲགས་འབདཝ་ད་ ང་བཅས་ར་ འབྲུག་མི་ཚུ་ཡང་ སེམས་དགའ་ནི་དང་ ངལ་རངས་དགོ་པའི་ གཞི་གནད་ཅིག་ཨིན་མས་ཟེར་ཞུ་ནི།
དེ་འབདཝ་ད་ ཆོས་ཟབ་སར་ བདུད་ཟབ་ཟེར་ སླབ་དོ་བཟུམ་སྦེ་ སྤྱིར་བཏང་རྒྱལ་ཁབ་དང་ མི་སེར་ཚུ་གི་དོན་ལས་ བཟང་སེམས་བསྐྱེད་མི་ཚུ་ལུ་ མི་ངན་རེ་གཉིས་ཀྱིས་ རང་ཕྱོགས་བཟུང་ གཞན་ཕྱོགས་སྡང་བའི་ ངན་བསྐུལ་ཐོག་ བར་དཀྲོགས་འབད་སྲིད་ནི་མས།
ག་འཆརཔ་ཟེར་བ་ཅིན་ སེམས་ངན་ཅིག་གིས་ རང་གི་ ཉེ་ཚན་ཕོག་མི་ འདེམས་ངོ་ལྕོགས་གྲུབ་མེད་མི་ཅིག་ལུ་ ཚོགས་རྒྱན་བཙུགས་བཅུག་ནིའི་དོན་ལས་ ཁྱིམ་ཚང་གདང་རས་ཚུ་ལུ་ སེམས་གསོ་ནི་དང་ རྒྱུད་བསྐུལ་འབད་བ་ཅིན་ དེ་གིས་ མཐའན་མཇུག་ཁར་ ཕན་ཐོགས་མ་ཚུགསཔ་ལས་ མི་སེར་ཚུ་ལུ་ར་ གནོད་ནི་ཨིནམ་ད་ ལྕོགས་གྲུབ་ཅན་ཨིན་པ་ཅིན་ འདེམས་ངོ་དེ་ རང་གི་དགྲ་ཨིན་རུང་ བཙག་འཐུ་འབད་དགོཔ་དེ་ ག་ནི་བ་གལ་ཆེ།
ཨིན་རུང་ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ འབྲུག་མི་དྲག་ཞན་ཆེ་ཆུང་མེདཔ་ ཆ་མཉམ་གྱིས་ འདི་བཟུམ་མའི་ བསམ་སྤྱོད་ངན་པའི་དབང་ལུ་མ་ཐལ་བར་ རྒྱལ་ཁབ་དང་ མི་སེར་ལུ་ཕན་པའི་ འདེམས་ངོ་ལྕོགས་གྲུབ་ཅན་ཚུ་ བཙག་འཐུ་འབད་ཡོད་པའི་ རེ་བ་ཡོད་ཟེར་ཞུ་ནི་དང་འབྲེལ་ ད་ལས་ཕར་ བཙག་འཐུ་གྲུབ་མི་ཚུ་གིས་ འགན་འཁྲི་ལེགས་ཤོམ་སྦེ་འབག་སྟེ་ རྩ་བ་གསུམ་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཞུ་ཚུགས་པའི་ རེ་སྨོན་ཡོད་ཟེར་ ཞུ་ནི་ཨིན།

No comments:

Post a Comment