གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སངས་རྒྱས་མཁའ་འགྲོ་གིས་ ཁོ་རའི་རྩིས་ཁྲ་ཚུ་ རྩིས་སྤྲོད་འབད་ཡོདཔ།

༢༦/༤/༢༠༡༣  ༉ བསམ་རྩེ་རྫོང་ཁག་ གཏན་འབྲུ་རྒེད་འོག་ལས་ སྐྱེས་ལོ་༣༧ འབད་མི་ སངས་རྒྱས་མཁའ་འགྲོ་དེ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ་བཞིན་དུ་ ཁ་ཙ་ཁོ་གིས་ རྫོང་ཁག་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་འོང་སྟེ་ ཁོ་རའི་ལྟ་རྟོག་པ་ལུ་ རྩིས་ཁྲ་ཚུ་ རྩིས་སྤྲོད་འབད་དེ་ གཏན་འབྲུ་ལུ་ ཁོ་རའི་ཁྱིམ་ནང་ ལོག་སོང་ཡོདཔ་ཨིན།
ཚོགས་སྡེའི་སྡོད་ཁྲི་དོན་ལུ་ རྒྱལ་ཁ་ཐོབ་མི་ སངས་རྒྱས་མཁའ་འགྲོ།


མི་ཚུ་གིས་ སངས་རྒྱས་མཁའ་འགྲོ་ལུ་ འགྲུལ་འཕྲིན་ཆད་ནི་མེད་པར་བཏང་སྟེ་ བཀྲིས་བདེ་ལེགས་ཟེར་ སླབ་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ འཕྲལ་མགྱོགས་ར་ གཡུས་སྒོ་རེ་རེ་བཞིན་དུའི་ནང་ འགྱོ་མ་ཚུགས་རུང་ སྤྱི་འོག་ག་རའི་ནང་སོང་སྟེ་ མི་སེར་ཚུ་གིས་ ཁོ་ལུ་ གྲོགས་རམ་འབད་མི་ལུ་ དགའ་ཚོར་ཕུལ་ནི་དང་ ཁོང་གི་དོན་ལུ་ ཁོ་གིས་ ག་དེ་སྦེ་ར་ ཕྱག་ཞུ་དགོཔ་ཡོདཔ་ཨིན་ནའི་ བསམ་འཆར་ཚུ་ བསྡུ་ལེན་འབད་ནི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁོ་རའི་ ཁས་བླངས་གསལ་བསྒྲགས་དང་འཁྲིལ་ མི་སེར་ཚུ་ལུ་ རང་སོའི་མི་ཚེ་ནང་ ཉིན་བསྟར་བཞིན་དུ་ ཉེ་བར་མཁོ་བའི་ཁྲིམས་ལུགས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་ ཁྲིམས་གཞན་ཚུ་གི་སྐོར་ལས་ གོ་བརྡ་ཚུ་ཡང་སྤེལ་ནི་དང་ ད་ལྟོ་ཚུན་ མི་སེར་གྱི་བདེ་སྐྱིད་ལུ་ བར་ཆད་བྱུང་མིའི་གནད་དོན་ ག་ཅི་བཟུམ་ར་ ཡོདཔ་ཨིན་ན་ཚུ་བལྟ་སྟེ་ དེ་ཚུ་དང་བསྟུན་པའི་ སྲིད་བྱུས་ཀྱི་སྒོ་ལས་ འབྲེལ་གཏོགས་འབད་དགོཔ་ ག་ཅི་འདུག་ག་ཚུ་ཡང་ བལྟ་ནི་ཨིན་ཟེར་ཨིན་པས།
གལ་སྲིད་ སྲིད་བྱུས་ཚུ་ བརྩམ་བརྩམ་མེད་པ་ཅིན་ བདེ་སྐྱིད་དང་ དགའ་སྐྱིད་ཚུ་གི་སྐོར་ལས་ ལོ་རྒྱུས་སླབ་སྟེ་ ཁུངས་མི་འོང་ཟེར་ སངས་རྒྱས་མཁའ་འགྲོ་གིས་ སླབ་ཨིན་པས།
མ་གཞི་ཁོ་ར་ ཧེ་མ་ཡང་ རྒྱལ་ཡོངས་ཚོགས་ཁང་གི་ འཐུས་མི་ཅིག་སྦེ་ སྡོད་ནི་དེ་གིས་ དམིགས་བསལ་དུ་ ཁྲིམས་བཟོའི་ལཱ་ནང་ ཉམས་མྱོང་ཡོདཔ་ལས་ ད་རེས་ ལཱ་འབད་ནི་ལུ་ འཇམ་ནི་ཨིན་པའི་ཁར་ ད་རེས་ཀྱི་གནས་སྟངས་ནང་ ཁོ་རའི་རྒྱུད་ལུ་ ཡོན་ཏན་ཡང་ གོང་འཕེལ་བཏང་ཡོདཔ་མ་ཚད་ ཁོ་རའི་སྐྱེས་ལོ་འབད་རུང་ ཁུག་སོ་མི་ལུ་བརྟེན་ ཧེ་མ་དང་ཕྱདཔ་ད་ དྲགཔ་སྦེ་ ཕྱག་ཞུ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ད་རེས་ ཚོགས་རྒྱན་ཡོངས་བསྡོམས་ལས་འབད་བ་ཅིན་ ལོག་ལྟབ་ཀྱིས་སྦེ་ར་ ཁོ་གིས་ རྒྱལ་ཁ་ཐོབ་མི་ལུ་བལྟ་སྟེ་ རྣམ་རྟོག་ལང་ཡི་ཟེར་ཨིནམ་ད་ ཨིན་རུང་ ད་ལས་ཕར་ མི་སེར་ཚུ་གིས་ ང་ལས་རེ་འདོད་དང་ བློ་གཏད་བསྐྱེད་མི་དང་འཁྲིལ་ ཕྱག་ག་དེ་སྦེ་ ཞུ་ཚུགས་འོང་ག་མནོ་བའི་ ཚ་གྱང་ཡོད་ཟེར་ སྤྱི་མི་བགྲེསཔ་དེ་གིས་ སླབ་ཨིན་པས།
སངས་རྒྱས་མཁའ་འགྲོ་གིས་འབད་བ་ཅིན་ དམངས་གཙོའི་རིང་ལུགས་ནང་ ག་ཅི་ར་འབད་རུང་ མང་མོས་ཀྱི་སྒོ་ལས་སྦེ་ གྲོས་ཐག་བཅད་དགོཔ་ལས་ མི་སེར་ག་ར་ལུ་ ཕན་ཐོགས་ཚུགསཔ་བཟོ་མི་ཚུགས་ནི་ཨིན་རུང་ མང་མོས་ལུ་ ཕན་ཐོགས་པའི་སྐབས་ གཞན་ཚུ་ལུ་ གནོད་པ་མེདཔ་སྦེ་ བཟོ་ནི་ལུ་ རྩ་འགེངས་ནི་ཨིན་ཟེར་ཨིན་པས།
སངས་རྒྱས་མཁའ་འགྲོ་གིས་ བཤད་མིའི་ནང་ ཁོ་ར་ ལོ་ངོ་༥ དེ་ཅིག་གི་ཧེ་མ་ལས་ མཐོ་རིམ་ཤེས་ཡོན་སྦྱང་པར་ ཐའི་ལེནཌི་རྒྱལ་ཁབ་ནང་ སོང་ཡོདཔ་ཨིན་རུང་ ད་རེས་ ཚོགས་རྒྱན་ལུ་བལྟ་བ་ཅིན་ མི་སེར་ཚུ་གིས་ ཁོ་མ་བརྗེད་པས་ཟེར་ཨིནམ་ད་ དེ་ཡང་ ཧེ་མ་ཁོ་ར་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དང་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་སྦེ་ སྡོད་པའི་སྐབས་ མི་སེར་ཚུ་དང་ འབྲེལ་བ་ལེགས་ཤོམ་སྦེ་འཐབ་སྟེ་ ལཱ་འབད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ སླབ་ཨིན་པས།
ཨིན་རུང་ ད་རེས་ཁོ་གིས་ རྒྱལ་ཁ་ཐོབ་ཡོད་རུང་ དེ་ལུ་བལྟ་སྟེ་ སྤྲོ་སྣང་བསྐྱེད་དགོཔ་མེད་ཟེར་ཨིནམ་ད་ ད་ལས་ཕར་ ལོ་༥ འི་རིང་ ཕྱག་ཞུ་ཞིནམ་ལས་ གལ་སྲིད་མི་སེར་གྱིས་ ཁོ་གི་ལཱ་འབད་མི་དེ་ལུ་ ངལ་རངས་བསྐྱེད་པ་ཅིན་རྐྱངམ་གཅིག་ དཔའ་ཉམས་འབྱུང་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment