གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་ཆུའི་སྤྲིངས་ཟམ་ སྒྲིང་སྒྲིང་ཡོད་རུང་ དད་ཅན་རྒན་རྒས་ཚུ་ལུ་དཀའ་སྡུག།

༣༡/༡༢/༢༠༡༢   ཟམ་ཕར་ཚུར་ སྤར་མི་ལུ་བརྟེན་ མགུ་ཡུ་འཁོར་ཏེ་ ཟམ་བརྒལ་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།
༉ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་ཞུ་མི་ཚུ་ ཉིན་བསྟར་བཞིན་དུ་ ཟམ་༣ བརྒལ་དགོཔ་བྱུང་དོ་ཡོད་མི་ལས་ ཕོ་ཆུའི་སྤྲིངས་ཟམ་བརྒལ་བའི་སྐབས་ ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ཚུ་གིས་ ཆ་རོགས་མ་འབད་བ་ཅིན་ རྒན་རྒས་ཚུ་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།
ཨིན་རུང་ སྤུངས་ཐང་བདེ་བ་ཆེན་པོའི་ ཕོ་བྲང་གི་ སྦོ་ལོགས་ཁར་ཡོད་མི་ མོ་ཆུ་བ་ཟམ་དང་ ལྕང་ཡུལ་གྱི་ སྤྲིངས་ཟམ་༢ བརྒལ་ནི་ལུ་ དཀའ་ངལ་སྦོམ་མེདཔ་ཨིན་པས།

དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་ཆེན་ཞུ་མི་ཚུ་ འདྲོག་འཇིགས་ཀྱི་ཐོག་ལས་ ཕོ་ཆུའི་སྤྲིངས་ཟམ་བརྒལ་འགྱོ་བའི་བསྒང་།

སྤྱི་ལོ་༢༠༡༢ ལུ་ ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་ནང་ གནས་ཚུལ་མཁནམ་༢༥ བསད་ཡོདཔ།

༣༡/༡༢/༢༠༡༢   འབྲུག་དང་ མཱལ་ཌིབསི་ ཤཱྲི་ལངྐ་རྒྱལ་ཁབ་ཚུ་ནང་ ཤི་རྐྱེན་བྱུང་པའི་ སྙན་ཞུ་མེདཔ་ཨིནརུང་ གནོད་ཉེན་ཡར་སེང་འགྱོ་བའི་མངོན་གསལ།
༉ ཁ་ཙ་ ཐིམ་ཕུ་ལུ་ ལྷོ་ཨེ་ཤི་ཡའི་ བརྡ་བརྒྱུད་དལ་དབང་ལས་ཚོགས་ཀྱི་ འབྲུག་ཡན་ལག་ཡིག་ཚང་གི་ འགོ་འདྲེན་ཐོག་ ལས་ཚོགས་ཀྱི་ འཐུས་མི་དང་ ཡིག་ཚང་ལས་བྱེདཔ་ཚུ་གིས་ སྤྱི་ལོ་༢༠༡༢ ཀྱི་ ལྷོ་ཨེ་ཤི་ཡ་བརྡ་བརྒྱུད་སྙན་ཞུ་ གསར་བཏོན་འབད་མི་དེ་ནང་ འདས་པའི་ལོ་ངོ་༡ གི་རིང་ལུ་ ལུང་ཕྱོགས་ནང་ གནས་ཚུལ་མཁནམ་༢༥ བསད་ཡོདཔ་སྦེ་བཀོད་ནུག།

སྡེ་ཚན་གཉིས་ རྒྱལ་ཕམ་ཕྱེ་མ་ཚུགསཔ།

༣༡/༡༢/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་རྩེད་ཐང་ནང་སྦེ་ ཀོ་ཀ་ཀོ་ལ་ ཕུཊ་བཱོལ་ལིག་གི་རྩེད་འགྲན་དེ་ ཡིད་འཛིན་དང་ ཨྱོན་རིག་པའི་འབྱུང་གནས་སྡེ་ཚན་༢ ཀྱི་བར་ན་འབདཝ་ད་ སྡེ་ཚན་༢ ཀྱིས་ གཱོལ་༡-༡ བཙུགས་ཡོདཔ་ལས་ སྐུགས་རེ་རེ་ འདྲན་འདྲ་ཐོབ་ཡོདཔ་ཨིན་པས།
ཕུཊ་བཱོལ་སྒོ་སྲུང་པ་གིས་ བཱོལ་བཟུང་བའི་བསྒང་།

ཁག་འབགཔ་ཚུ་ མ་དངུལ་དུས་ཚོད་ཁར་ཐོབ་མ་ཚུགས་པའི་དཀའ་ངལ།

༣༡/༡༢/༢༠༡༢   ཁག་འབག་གི་ལཱ་འབད་བའི་ མ་དངུལ་དུས་ཚོད་ཁར་ཐོབ་མ་ཚུགས་རུང་ ལས་འགུལ་འགོ་དཔོན་གྱིས་ ཉིནམ་༡༥ འི་ ནང་འཁོད་ལུ་ མ་དངུལ་ཐོབ་ཚུགས་ཟེར་བའི་ ངོས་ལེན་འབད་ནུག།
༉ རྒྱལ་ཁབ་ནང་ ཁག་འབགཔ་མང་ཤོས་ཅིག་ལུ་ ལས་མི་མ་ལང་པའི་ དཀའ་ངལ་བྱུང་བཞིན་དུ་ཡོདཔ་ཨིན་རུང་ ཁ་ཙ་ ཁག་འབགཔ་ཅིག་ལུ་ ལས་མིའི་གྱངས་ཁ་ མར་ཕབ་འབད་དགོཔ་ཐོན་ནུག།
དེ་ཡང་ ཁོ་གིས་ ཁག་འབག་གི་ལཱ་ཚུ་ མཇུག་བསྡུ་ཡོད་རུང་ ཁག་འབག་གི་ལཱ་དང་འབྲེལ་བའི་ མ་དངུལ་ཚུ་ ཐོབ་མ་ཚུགས་མི་ལུ་བརྟེན་ ལས་མི་ཚུ་ལུ་ དངུལ་ཕོགས་སྤྲོད་མ་ཚུགས་ནི་དེ་གིས་ཨིན་པས།


གནས་ཚུལ་མདོར་བསྡུས།

༣༡/༡༢/༢༠༡༢
ཨ་ལུ་ཚུ་གི་རྒྱུད་ལུ་ དཔེ་དེབ་ལྷག་ནི་གི་ གོམས་སྦྱང་ཚུད་བཅུག་ནི་ལུ་དམིགས་ཏེ་ བཀྲིས་སྒང་བཀང་ལུང་ལུ་ཡོད་མི་ ཀུན་གསལ་ལས་འཛིན་གྱི་ ལུང་ཕྱོགས་ཡིག་ཚང་གིས་ ཁས་བླངས་སློབ་དཔོན་ཅིག་དང་ དགེ་འདུ་མཐོ་རིམ་སློབ་གྲྭ་ལས་ སྦྱོང་ལཱ་འབད་མི་༢ ཀྱི་ གྲོགས་རམ་ཐོག་ལུ་ སློབ་ཕྲུག་༤༠ ལུ་ དཔེ་དེབ་ལྷག་ནིའི་ སློབ་སྟོན་འབད་ནི་འགོ་བཙུགས་ཏེ་ཡོདཔ་ཨིན་པའི་གནས་ཚུལ།

བདེ་བ་ཐང་སྨན་ཁང་གི་ གྲོས་འཆར་ལུ་ ངོས་ལེན་མེདཔ།

༣༡/༡༢/༢༠༡༢   ༉ བསམ་གྲུབ་ལྗོངས་མཁར་དང་ ཁྲོམ་སྡེ་ཚོགས་སྡེ་མང་རབས་ཅིག་ནང་ གྲོས་བསྡུར་འབད་བའི་ཤུལ་ལུ་ བདེ་བ་ཐང་ལུ་ སྨན་ཁང་ཅིག་ རྐྱབ་ནི་སྦེ་ གནང་བ་གྲོལ་ཡོད་རུང་ གྲོས་འཆར་དེ་ལུ་ གསོ་བའི་ལྷན་ཁག་ལས་ ངོས་ལེན་མ་ཐོབ་པར་ཡོདཔ་ཨིན་པས།
ང་ཁག་གསོ་བའི་འགོ་དཔོན་ ཌོག་ཊར་ཨྱོན་དབང་འདུས་ཀྱིས་ ཁྲོམ་སྡེ་ཚོགས་སྡེའི་ནང་ ལྷན་ཁག་ལས་ ངོས་ལེན་མ་ཐོབ་པའི་སྐོར་ ཞུ་བའི་བསྒང་།

སྒང་སྒོ་ལའི་བཙོང་ཁྱིམ་ རྒྱ་བསྐྱེད་གཏང་དགོཔ་ཡོདཔ།

༣༡/༡༢/༢༠༡༢   ས་གོ་དེ་ ཆ་གླིང་མི་སེར་ཚུ་གི་དོན་ལུ་ སོ་ནམ་ཐོན་སྐྱེད་བཙོང་སའི་ ལྟེ་བ་ཅིག་ལུ་ གྱུར་ཡོད་རུང་ ས་གོ་ཆུང་དྲགས་ནི་དེ་གིས་ སོ་ནམ་ཞིང་པ་ཚུ་གིས་ ག་ཐོབ་རྐྱབ་དོ་ཡོདཔ་ཨིན་པས།
༉ མོང་སྒར་དང་ ཀུར་རི་ཟམ་པ་ དེ་ལས་ ལྷུན་རྩེ་ལུ་འགྱོ་སའི་ ལམ་རྒྱ་གྲམ་གྱི་ས་གནས་ སྒང་སྒོ་ལ་དེ་ འདས་པའི་ལོ་ངོ་དག་པ་ཅིག་ལས་ ཆ་གླིང་གཡུས་ཚན་གྱི་ མི་སེར་ཚུ་གི་དོན་ལུ་ གེ་ཟའི་སྲིབ་དང་ སོ་ནམ་ཐོན་སྐྱེད་ཚུ་བཙོང་སའི་ ས་གོ་གཙོ་ཅན་ཅིག་ལུ་གྱུར་ནུག།
ཆ་གླིང་གཡུས་ཚན་གྱི་ མི་སེར་ཚུ་ དྲོ་པ་ཆུ་ཚོད་༥ ལས་འོང་སྟེ་ ཕྱི་རུའི་ཆུ་ཚོད་༥ ཚུན་ གེ་ཟའི་སྲིབ་དང་ སོ་ནམ་ཐོན་སྐྱེད་ཚུ་ བཙོང་སྡོད་པའི་མཐོང་སྣང་།

ཤར་ཕྱོགས་རྫོང་ཁག་ནང་ ལྟ་བཤལཔ་ཡར་སེང་གི་ ཐབས་ལམ་བཏོན་དགོཔ།

༣༡/༡༢/༢༠༡༢   ༉ འདས་པའི་ལོ་༥ འི་རིང་ རྒྱལ་ཁབ་ནང་ ལྟ་བཤལཔ་༡༠༠,༠༠༠ དེ་ཅིག་ འོང་ཡོདཔ་ཨིན་རུང་ གྲོང་གཡུས་ཚུ་ནང་ ལྟ་བཤལ་ལུ་བརྟེན་པའི་ ཕན་ཐོགས་བྱུང་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
དེ་ཡང་ བཀྲིས་སྒང་ལུ་ ལོ་བསྟར་ཚེས་བཅུ་དང་ རང་ལུགས་ཀྱི་ས་ཁོངས་ དེ་ལས་ སྐྱེ་ལྡན་གྱི་རིགས་ཚུ་ ལེགས་ཤོམ་ཡོད་དེ་འབད་རུང་ ལྟ་བཤལ་ལུ་བརྟེན་པའི་ ཕན་ཐོགས་ཚུ་ མ་བྱུངམ་ཨིན་པས།

ར་ལྡི་ལུ་ མི་སྡེའི་ཚེས་བཅུ་སྐབས་ ལྟ་བཤལཔ་དག་པ་ཅིག་ལས་འོང་ནི་མེད་པའི་མཐོང་སྣང་།

དབང་ཞུ་མི་ཚུ་སྡོད་སའི་ ས་ཁོངས་ལ་ལུ་ཅིག་ལུ་ འཐུང་ཆུ་དང་ གློག་མེའི་དཀའ་ངལ།

༢༩/༡༢/༢༠༡༢   དད་ཅན་ཚུ་གིས་ མོ་ཆུ་འཐུང་དོ་ཡོདཔ་ཨིན་རུང་ ཁང་མིག་གླ་ཁར་ བཏང་མི་ཚུ་གིས་ མི་བདེན་ཟེར་སླབ་མས།
༉ སྤུ་ན་ཁ་ ལྕང་ཡུལ་ལུ་ གནས་སྐབས་ཀྱི་ ཁང་མིག་ཚུ་ གླ་ཁར་ལེན་ཏེ་ བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཞུ་མི་ལ་ལུ་ཅིག་ བྱ་ཐབས་མེད་པར་ མོ་ཆུ་འཐུང་དགོཔ་ ཐོན་དོ་ཡོདཔ་ཨིན་པས།
མོ་ཆུ་དེ་ ཁང་མིག་གླ་ཁར་ལེན་ཏེ་ སྡོད་མི་ཚུ་ལུ་ འཐུང་ཆུ་སྦེ་མིན་པར་ གོ་ལ་འཁྱུ་ནི་དང་ ཆབ་གསང་གི་དོན་ལུ་ བཀྲམ་སྤེལ་འབད་འབདཝ་ཨིན་པས།

མི་རྒན་རྒས་ཚུ་ ཐང་བཟང་དབང་ཁང་ནང་ དབང་ཞུ་ནིའི་དོན་ལུ་ ཕོ་ཆུའི་སྤྲིངས་ཟམ་གུ་ལས་འགྱོཝ་ད་
ཆ་རོགས་འབད་མི་མེད་པ་ཅིན་ ལཱ་ཁག་བཏང་དོ་ཡོདཔ།

མི་༡ དམར་བསད་འབད་མིའི་ནང་ དོགས་ཅན་ཅིག་འཛིན་བཟུང་།

༢༩/༡༢/༢༠༡༢   ༉ བསམ་རྩེ་ཅེང་མ་རི་ལུ་ སྐྱེས་ལོ་༣༥ ལང་མི་ རྒྱ་གར་གྱི་ ཕོ་སྐྱེས་ཅིག་ ཧིན་དུའི་སྨོན་ལམ་ཆེན་མོའི་ནང་ འབྲེལ་གཏོགས་འབད་དེ་ ལོག་འོང་པའི་ལམ་ཁར་ དམར་བསད་འབད་ཡོདཔ་ཨིན་པས།
དེ་ཡང་ ཅེང་མ་རི་ཁྲོམ་ཁར་སྡོད་མི་ ཕོ་སྐྱེས་ཅིག་གིས་ ཁོ་གི་ཁྱིམ་གྱི་ སྦོ་ལོགས་ཁར་ མི་ངོ་མ་ཤེས་མིའི་ རོ་ཅིག་འདུག་ཟེར་ སྤྱི་ཟླ་༡༢ པའི་ཚེས་༢༧ གྱི་ ཕྱི་རུ་ཆུ་ཚོད་༡༡.༣༠ ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།


འབྲུག་གི་དེད་གཡོགཔ་༡ ཁ་འཐུམ་མར་བསད་ཡོདཔ།

༢༩/༡༢/༢༠༡༢   ལམ་འགྲུལཔ་༣ ལུ་ རྨ་སྐྱོན་བྱུང་མི་ལས་༡ གནས་སྟངས་ཚབས་ཆེན་ཐོག་ཡོདཔ་ཨིན་པས།
༉ ཁ་ཙ་དྲོ་པར་ རྒྱ་གར་ནུབ་བེང་གཱལ་གྱི་ཁྲོམ་སྡེ་ སི་རི་རམ་པུར་ལུ་ འབྲུག་མི་ལམ་འགྲུལཔ་ཚུ་ འཛུལ་འགྱོ་མི་ སྣུམ་འཁོར་ཊ་ཊ་ཨི་ཀོ་དེ་ རྒྱ་གར་གྱི་ འགྲུལ་སྐྱེལ་བཱསི་དང་ ཐུག་རྐྱེན་བྱུངམ་ལས་ འབྲུག་གི་དེད་གཡོགཔ་དེ་ ཁ་འཐུམ་མར་ བསད་ཡོདཔ་མ་ཚད་ གཞན་༣ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།

གྱིབ་ཀྱི་རྩྭ་གདན་ཐོག་ལུ་ རྩེད་འགྲན་འབད་ནིའི་ དང་འདོད་བསྐྱེད་མི་མངམ་ཡོདཔ།

༢༩/༡༢/༢༠༡༢   ༉ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ གྱིབ་ཀྱི་རྩྭ་གདན་གུ་ བདུན་ཕྲག་ལྷགཔ་ཅིག་ ན་གཞོན་ཚུ་གིས་ ཉིནམ་རེ་ཆད་མེད་པར་ ཕུཊ་བཱོལ་རྩེད་འགྲན་འབད་སར་ མཐོང་མི་དེ་ རྩེན་འགྲན་ལུ་ སྤྲོ་བ་བསྐྱེད་མི་མངམ་ཡོད་པའི་བརྡ་མཚོན་ཨིན་པས།
ན་གཞོན་ཚུ་གིས་ གྱིབ་གྱི་རྩྭ་གདན་གུ་ སྤྲོ་སྣང་ཅན་གྱི་སྒོ་ལས་ ཕུཊ་བཱོལ་རྩེད་འགྲན་འབད་བའི་བསྒང་།

ཐིམ་ཁྲོམ་ནང་ ཁྱིམ་མེ་རྐྱེན་བྱུང་ཡོདཔ།

༢༩/༡༢/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ཆུ་བར་ཆུ་ འོང་འབབ་དང་ ཅ་དམ་ཡིག་ཚང་གི་ལྟག་ལུ་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་ཡོད་རུང་ མི་ལུ་ ཤི་རྐྱེན་ག་ནི་མེད་པར་ མེ་བསད་ཚུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་ཚུ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ཁྱིམ་ཐོག་དེ་ ག་ར་མེ་གིས་འཚིགས་ཡོད་རུང་ ཁྱིམ་གྱི་ཅ་ཆས་ཚུ་ ཐོབ་ཅི་ཟེར་ཨིན་པས།

མེ་གིས་འཚིག་མི་ཁྱིམ།

སྣུམ་འཁོར་གྱི་ ཁྲལ་བསྡུ་ལེན་གྱིས་ འཁོར་ལམ་རྒྱུན་སྐྱོང་འགབ་མ་ཚུགསཔ།

༢༩/༡༢/༢༠༡༢   ༉ རྒྱལ་ཁབ་ནང་ གོང་འཕེལ་གྱི་གནས་སྟངས་དང་བསྟུན་ སྣུམ་འཁོར་ལམ་ཡང་ ལོ་བསྟར་བཞིན་དུ་ རྒྱ་བསྐྱེད་འབདཝ་མ་ཚད་ སྣུམ་འཁོར་གྱི་གྱངས་ཁ་ཡང་ ཡར་སེང་འགྱོ་དོ་ཡོདཔ་ཨིན་རུང་ འཁོར་ལམ་ལག་ལེན་གྱི་དོན་ལུ་ སྣུམ་འཁོར་དང་འབྲེལ་བའི་ འོང་འབབ་བསྡུ་ལེན་འབད་མི་གིས་ འགབ་མ་ཚུགསཔ་ཨིན་པས།

ཞིང་ཆུ་བཀག་མི་༣ གྱིས་ ཁྱིམ་ཚང་ལུ་ ལོ་ཐོག་གི་ རྒུད་འཐུས་སྤྲོད་དགོཔ།

༢༩/༡༢/༢༠༡༢   ༉ བུམ་ཐང་རྫོང་ཁག་ཁྲིམས་འདུན་གྱིས་ སྟང་པྲ་གླང་གཡུས་ཚན་གྱི་ མི་གསུམ་གྱིས་ ཞིང་ཆུ་བཀག་སྟེ་ ཁྱིམ་ཚང་ཅིག་ལུ་ ལྕང་ལཱ་རྐྱབ་མ་བཅུག་མི་ལུ་བརྟེན་ ལོ་༡ གི་ ལོ་ཐོག་རྩིས་རྐྱབ་སྟེ་ ཉམས་རྒུད་པ་ལུ་ བྱིན་དགོ་པའི་ འཁྲུན་ཆོད་གནང་ཡི། 

བདེ་མཆོག་འཁོར་ལོ་སྡོམ་པ་ ཞབས་དྲུང་གི་ ཡིད་དམ་ལྷ་གཙོ་ཅན་ཅིག་ཨིནམ།

༢༩/༡༢/༢༠༡༢   ༉ སྤུ་ན་ཁ་ཐང་བཟང་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་གནང་པའི་བསྒང་ཡོད་མི་ལས་ ད་རིས་ བདེ་མཆོག་བཅུ་གསུམ་མའི་ བཀའ་དབང་གནང་ནི་ཨིན་པས།
བདེ་མཆོག་འཁོར་ལོ་ཡབ་ཡུམ།

སྐྱེས་སྟོབས་རིག་འཚོལ་གྱི་ ལྕོགས་གྲུབ་དབྱེ་དཔྱད་ ཁ་ཙ་མཇུག་བསྡུ་ཡོདཔ།

༢༩/༡༢/༢༠༡༢   ༉ སྐྱེས་སྟོབས་རིག་འཚོལ་ སྤྱི་ལོ་༢༠༡༣ པ་དེ་ འགོ་བཙུགས་ཏེ་ ཁ་ཙ་ལས་ བདུན་ཕྲག་༢ ལང་དོ་ཡོདཔ་བཞིན་དུ་ ད་ཚུན་གྱི་རིང་ལུ་ དྲང་དཔོན་ཚུ་གིས་ ན་ཆུང་ཚུ་གི་ ལྕོགས་གྲུབ་ཀྱི་དབྱེ་དཔྱད་ཚུ་ འབད་ཡོདཔ་ཨིན་པས།

ཁག་འབགཔ་དང་ ཁྲོམ་སྡེ་གིས་ ས་རིན་དངུལ་ཀྲམ་ས་ཡ་༤,༤༡༢ སྤྲོད་དགོཔ།

༢༩/༡༢/༢༠༡༢   དེ་ཡང་ ཁག་འབགཔ་གིས་ ཡིག་ཆ་རྫུས་བཟོ་དང་ ཁྲོམ་སྡེའི་ཁ་ཐུག་ལས་ ཁྲིམས་མཐུན་མིན་པའི་སྒོ་ལས་ ཁྲམ་སྤོ་སོར་འབད་ཡོདཔ།
༉ ལོ་༩ གི་ཧེ་མར་ ཁག་འབགཔ་ཅིག་གིས་ ཐིམ་ཕུ་ཨོ་ལ་ཁ་ལུ་ སའི་ཇོ་བདག་ཅིག་ལས་ ས་ཆ་ཌིསི་༧༢.༤༠ ལས་བརྒལ་ མ་ཉོ་རུང་ རྩ་ཕན་༣ པ་ལུ་བཙོངམ་ད་ གཡོ་སྒྱུ་དང་ ཡིག་ཆ་རྫུས་བཟོ་ཐོག་ ས་ཚན་ཁག་གཉིས་ བཙོང་མི་ལུ་བརྟེན་ ས་ཆ་ཌིསི་༡༡.༠༣ གྱི་རིན་ཕྱེད་ཀ་ དངུལ་ཀྲམ་ས་༢.༢༦ སྤྲོད་དགོཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༢༨/༡༢/༢༠༡༢
ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ སྤུ་ན་ཁ་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་གིས་ དཔལ་བདེ་མཆོག་འཁོར་ལོ་བསྡོམས་པའི་ དབང་ཆེན་གནང་སར་ བྱོན་གནང་ཡོདཔ་ད་ དེ་བསྒང་ སྐྱབས་རྗེ་རྗེ་མཁན་དང་ མཇལ་ཕྲད་མཛད་གནང་ཡོདཔ་མ་ཚད་ དབང་ཞུ་མི་ དད་ཅན་ཚུ་དང་ཡང་ ཞལ་འདྲིས་གནང་ཡོད་པའི་གནས་ཚུལ།


གནས་ཚུལ་མདོར་བསྡུས།

༢༨/༡༢/༢༠༡༢
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་གནང་སའི་ ཁང་བཟང་ན་ལུ་བྱོནམ་ད་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་གིས་ དབུ་གཙོས་པའི་ གཞུང་དགེ་འདུན་གྲྭ་ཚང་གི་ འཐུས་མི་ཚུ་དང་ དེ་ཁར་ བྱོན་ཡོད་མི་ མི་དབང་རྒྱལ་ཡུམ་ལྷན་རྒྱས་དང་ སྲས་སྲོས་ཚུ་གིས་ ཕེབས་བསུ་ཞུ་ཡོད་པའི་གནས་ཚུལ།


གཟི་དང་བྱུ་རུ་ ཨར་རྐུན་ཚོང་འབྲེལ་འཐབ་མི་ཚུ་ལུ་ བཙོན་ཁྲིམས་ ལོ་༤ ཚུན་བཀལ་ཡོདཔ།

༢༨/༡༢/༢༠༡༢   ༉ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་ལུ་ ཁྱིམ་ཅིག་ནང་ལས་ བྱུ་རུ་རྙིངམ་དང་ གཟི་རྙིངམ་ཚུ་ ཨརཝ་ཤོར་བའི་རྩོད་དོན་སྐོར་ལས་ ལོ་ངོ་༧ དེ་ཅིག་ ཞིབ་དཔྱད་འབད་བའི་ཤུལ་ལུ་ སྐྱེས་ལོ་༣༠ སོ་གྲངས་ནང་འབད་མི་ བསམ་གཏན་རྡོ་རྗེ་ཟེར་མི་ འཛིན་བཟུང་འབད་དེ་ ཁྲིམས་འདུན་ལས་ མ་བྱིན་ལེན་གྱི་ཉེས་འཛུགས་ཐོག་ བཙོན་ཁྲིམས་ལོ་༤ གི་ འཁྲུན་ཆོད་གནང་ནུག།

གློག་མེ་ལས་འགུལ་༤ རྒྱ་འབྲུག་གཉིས་ཀྱིས་ མཉམ་འབྲེལ་ཐོག་ལས་ བཟོ་སྐྲུན་འབད་ནི།

༢༨/༡༢/༢༠༡༢   སྤྱི་ལོ་༢༠༡༣ ལས་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ལས་༥,༦༠༠ ལྷགཔ་ཅིག་གི་ ལཱ་འགོ་བཙུགས་ནི་ཨིན་མས།
༉ འབྲུག་རྒྱལ་ཁབ་ནང་ གློག་མེ་ལས་འགུལ་༡༠ བཟོ་སྐྲུན་འབད་ནི་ཨིན་མི་ལས་༧ སང་ཕོད་འགོ་བཙུགས་ནི་གི་ ལས་འཆར་ཡོདཔ་བཞིན་དུ་ རྒྱ་འབྲུག་གི་ མཉམ་འབྲེལ་ལས་འགུལ་༤ སྤྱི་ལོ་༢༠༡༣ གྱི་ལོ་ཕྱེད་༢ པའི་ནང་ འགོ་བཙུགས་ནི་ཨིན་པས།

གནས་ཚུལ་མདོར་བསྡུས།

༢༨/༡༢/༢༠༡༢
ད་རེས་ནངས་པ་ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་ཞུ་མི་ དད་ཅན་ཚུ་གིས་ ས་གནས་ལུ་ འཐུང་ཆུ་བཀྲམ་སྤེལ་འབད་མི་གིས་ ལང་མ་ཚུགས་པར་ མོ་ཆུ་ལས་ ཆུ་དབོག་སྟེ་ འཐུང་དོ་ཡོད་མི་གིས་མ་ཚད་པར་ གྱོན་ཆས་ཚུ་ཡང་ གཙང་ཆུ་དེ་ནང་ འཁྱུ་མི་ལུ་བརྟེན་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་ཡོདཔ་ཨིན་པའི་གནས་ཚུལ།


གནས་ཚུལ་མདོར་བསྡུས།

༢༨/༡༢/༢༠༡༢
ཐིམ་ཕུ་རྟ་བབ་ལུ་ཡོད་མི་ འབྲུག་རྒྱལ་སྤྱི་མགྲོན་སྐྱོང་དང་ ལྟ་བཤལ་སློབ་གྲྭའི་ནང་ ཁ་ཟས་བཟོ་ཐངས་ཀྱི་ སྦྱོང་བརྡར་འགོ་བཙུགས་ཏེ་ བདུན་ཕྲག་༢ ལྷགཔ་ཅིག་ སོང་མི་དེ་ནང་ སློབ་ཕྲུག་དང་ ནང་གི་ཨམ་ དེད་གཡོགཔ་ ལྟ་བཤལ་ལམ་སྟོན་པ་བགྲེསཔ་ལེ་ཤ་ཅིག་གིས་ བཅའ་མར་གཏོགས་ཏེ་ཡོདཔ་ད་ ཤུལ་མའི་ཟླ་ངོ་༣ གྱི་ནང་ བཅའ་མར་གཏོགས་མི་༣༥ གིས་ ཁ་ཟས་འདྲ་མ་འདྲཝ་བཟོ་ནི་ཚུ་ ལྷབ་སྦྱང་འབད་ནི་ཨིན་པའི་གནས་ཚུལ།

གནད་དོན་ཁག་༣ ལུ་བརྟེན་ ནང་འཁོད་ ཚོད་བསྲེ་ཚོང་འབྲེལ་ལུ་བར་ཆད།

༢༨/༡༢/༢༠༡༢   ༉ སོ་ནམ་ཚོང་ལས་དང་མཉམ་འབྲེལ་ལས་ཁུངས་ཀྱིས་ རྒྱལ་ཁབ་ཀྱི་རྫོང་ཁག་༥ ནང་ ནང་འཁོད་ཀྱི་ ཚོད་བསྲེ་ཐོན་སྐྱེད་ལུ་ ངོས་ལེན་ཡོད་རུང་ གོང་ཚད་དང་ སྤུས་ཚད་མི་ལྡན་པའི་ཁར་ དུས་ཚོད་ཁར་བཀྲམ་སྤེལ་འབད་མ་ཚུགས་མི་ལུ་བརྟེན་ འབྲེལ་ཡོད་ ཚོང་འབྲེལ་བ་ཚུ་གིས་ ནང་འདྲེན་འབད་ནི་ལུ་ གདམ་ཁ་རྐྱབ་ནུག་ཟེར་ཨིན་པས།

ཤུགས་ཚད་བརྟག་དཔྱད་འཕྲུལ་ཆས་བཏགས་བཏང་མི་ ཁྲུང་ཁྲུང་༤ མ་གཏོགས་ ལོག་མ་ལྷོདཔ།

༢༨/༡༢/༢༠༡༢   ཨོ་རྒྱན་དབང་ཕྱུག་ རང་བཞིན་གནས་སྟངས་ཉམས་སྲུང་སློབ་སྦྱོང་སྤེལ་ཁང་གིས་ ཁྲུང་ཁྲུང་སྐེ་ནག་ཚུ་ གནས་སྤོ་འགྱོ་བའི་སྐོར་ ཞིབ་འཚོལ་འགོ་དང་པ་འབད་ནུག།
༉ བྱ་ཁྲུང་ཁྲུང་སྐེ་ནག་ཚུ་ འབྲུག་ལས་ གནམ་བྱཱར་གྱི་འཁྱམས་ས་ རྒྱ་ནག་ལུ་ འགྱོ་བའི་སྐབས་ རྒྱ་མཚོ་ལས་ མཐོ་ཚད་མི་ཊར་༦,༢༨༡ དང་ མགྱོགས་ཚད་ཆུ་ཚོད་རེ་ལུ་ ཀི་ལོ་མི་ཊར་༩༠ རེ་ འཕུར་དོ་ཡོདཔ་ཨིན་པས།
དེ་ཡང་ བུམ་ཐང་ཨོ་རྒྱན་དབང་ཕྱུག་ རང་བཞིན་གནས་སྟངས་ཉམས་སྲུང་སློབ་སྦྱོང་སྤེལ་ཁང་གིས་ ཁྲུང་ཁྲུང་སྐེ་ནག་ཚུ་ གནས་སྤོ་འགྱོ་བའི་སྐོར་ ཞིབ་འཚོལ་འགོ་དང་པ་ འབད་མི་དེ་ནང་བཀོད་ནུག།

ཁྲུང་ཁྲུང་གུ་ཤུགས་ཚད་བརྟག་དཔྱད་འཕྲུལ་ཆས་བཏགས་བཏང་བའི་བསྒང་།

མི་སེར་གྱི་ ཞབས་ཏོག་ལྟེ་བ་ཚུ་ ལག་ལེན་ཧྲིལ་བུ་མེདཔ།

༢༨/༡༢/༢༠༡༢   དེ་ཡང་ མི་སེར་ཚུ་ལུ་ འདི་བཟུམ་མའི་ ཞབས་ཏོག་ཡོདཔ་ཨིནམ་ ཧ་མ་གོ་ནི་དེ་གིས་ཨིན་མས།
༉ འབྲུག་པའི་མི་སེར་ཚུ་ལུ་ ཡོངས་འབྲེལ་ཞབས་ཏོག་མཁོ་སྤྲོད་ཐོག་ ལཱ་འཇམ་ཏོང་ཏོ་བཟོ་ཐབས་ལུ་ རྒེད་འོག་མང་ཤོས་ཅིག་ནང་ མི་སྡེ་ ལྟེ་བ་གཞི་བཙུགས་འབད་དེ་ཡོད་རུང་ གྲོང་མི་མང་ཤོས་ཅིག་གིས་ར་ འདི་བཟུམ་མའི་ ཞབས་ཏོག་ཡོདཔ་ཨིནམ་ ཧ་མ་གོ་བར་འདུག་ཟེར་ ཇེ་ཊུ་སི་ཟེར་མི་ གཞུང་ལས་ མི་སེར་ལུ་ ཐད་ཀར་དུ་ ཞབས་ཏོག་མཁོ་སྤྲོད་འབད་མི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
བརྡ་དོན་ཡོངས་འབྲེལ་ལག་ལེན་འཐབ་མི་མེད་རུང་ ལྷུན་རྩེ་སྒང་ཟུར་ལུ་ མི་སྡེ་ཞབས་ཏོག་ལྟེ་བའི་ནང་ མི་སེར་རེ་གཉིས་ ཡིག་ཆས་འདྲ་པར་རྐྱབ་པར་ འོང་དོ་ཡོདཔ་མས།

ན་གཞོན་ཚུའི་དོན་ལུ་ གནམ་དགུན་གྱི་ སློབ་སྦྱོང་འགོ་བཙུགས་ཡོདཔ།

༢༨/༡༢/༢༠༡༢   ༉ ཁ་ཙ་ ཤེས་རིག་ལྷན་ཁག་འོག་གི་ ན་གཞོན་དང་རྩེད་རིགས་ལས་ཁུངས་ཀྱི་ འཁྲབ་སྟོན་ཁང་ནང་ ན་གཞོན་བུམོ་དང་བུཚ་ཚུ་གིས་ ན་གཞོན་༢༦ ལུ་ དེང་སང་རིག་གསར་གྱི་ ཞབས་ཁྲའི་ལེའུ་མ་འདྲཝ་ཚུ་ སྟོན་ཡོདཔ་མ་ཚད་ ཇཱ་པན་ལས་ སློབ་སྟོན་པ་༢ ཀྱིས་ཡང་ ན་གཞོན་༡༢ ལུ་ ལུས་སྦྱོང་གི་ སློབ་སྟོན་ཚུ་འབད་ཡི།

ཅ་དམ་འགོ་དཔོན་ཚུ་གིས་ ཕུན་ཚོགས་གླིང་ལུ་ ཆང་རིགས་འཕྱོག་བཟུང་འབད་ མི་ཚུ་ གཞུང་བཞེས་གཏང་ནི།

༢༨/༡༢/༢༠༡༢   ༉ ཕུན་ཚོགས་གླིང་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བདུན་ཕྲག་༢ ཀྱི་ཧེ་མར་ བཟའ་ཁང་དང་ ཆང་ཁང་ཚུ་ནང་ རྟོག་མེད་ཞིབ་དཔྱད་ཐོག་ ཁྲིམས་མཐུན་མིན་པའི་ ཆང་རིགས་འཕྱོག་བཟུང་འབད་མི་ཚུ་ གཞུང་བཞེས་གཏང་ནི་སྦེ་ ཚོགས་ཆུང་གིས་ ཐག་བཅད་ཅི་ཟེར་ཨིན་པས།

ད་རིས་ལས་ བདེ་མཆོག་དྲུག་ཅུ་མའི་ བཀའ་དབང་དངོས་གཞི་དབུ་འཛུགས།

༢༧/༡༢/༢༠༡༢   ༉ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དད་ཅན་འབུམ་༡ ལྷགཔ་ཅིག་ལུ་ ཆོས་རྗེ་འགྲོ་བའི་མགོན་པོ་ གཙང་པ་རྒྱ་རས་དང་ ཞབས་དྲུང་དག་སྣང་མའི་ བཀའ་དབང་གནང་ཡི།
འགྲོ་མགོན་གཙང་པ་རྒྱ་རས་དེ་ དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་རིང་ལུགས་ འགོ་དང་པ་སྤེལ་མི་ཨིནམ་ད་ དེ་ཡང་ ཁོ་གིས་ བོད་ར་ལུང་ལུ་ འབྲུག་མ་སྨད་༩ གནམ་ཁར་འཕུར་གཟིགས་པའི་ཤུལ་ལས་ དེ་གི་རྟེན་འབྲེལ་ལུ་ འགྲོ་བའི་མགོན་པོ་ གཙང་པ་རྒྱ་རས་ཀྱིས་ སྤེལ་པའི་ཆོས་ལུ་ འབྲུག་པ་ཟེར་ བཏགས་གནང་ཡོདཔ་ཨིན་པས། 

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

ཨ་ལུ་གླིང་ཀའི་ འཛུལ་སྒོ་ཉམས་བཅོས་འབད་རུང་ ཨ་ལུའི་ཕམ་ཚུ་ལུ་འདྲོག་སྣང་།

༢༧/༡༢/༢༠༡༢    ༉ སྤྱི་ཟླ་༡༢ པའི་ཚེས་༢༢ ཀྱི་ ཕྱི་རུ་ཁམས་ཅིག་ཁར་ ཐིམ་ཕུ་ལྕང་གླིང་མི་ཐང་གི་འོག་ལུ་ བརྒྱ་འཁོར་ཨ་ལུའི་གླིང་ཀ་ནང་ ལྕགས་ཁྲམ་སྒོ་ར་འགྱེལ་འོངམ་ད་ མགུ་ཏོ་ཁར་ཕོག་སྟེ་ སྐྱེས་ལོ་༢ ལང་མི་ ཨ་ལུ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལུ་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ ལྕགས་ཁྲམ་སྒོ་ལོག་བཙུགས་སྒྲིག་འབད་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་ལས་བྱེདཔ་ཚུ་གིས་ གླིང་ཀའི་འཛུལ་སྒོ་ཉམས་བཅོས་འབད་བའི་བསྒང་།

གཡོ་སྒྱུའི་ཐོག་ མི་རྩིས་སྤོ་སོར་འབད་ཡོདཔ།

༢༧/༡༢/༢༠༡༢    ༉ ཨ་པ་དང་ བུམོ་གི་བར་ན་ གཡོ་སྒྱུའི་ཐོག་ལས་ མི་རྩིས་སྤོ་སོར་འབད་བའི་རྩོད་རྙོགས་ལུ་བརྟེན་ བསམ་རྩེ་རྫོང་ཁག་ཁྲིམས་འདུན་ལས་ གནང་མི་འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པའི་སྐོར་ལས་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་འབད་ཡོད་རུང་ བསྒྱུར་ལྡོག་མེད་པར་ རང་འཇགས་གནང་ཡོདཔ་ཨིན་པས།

བུམ་ཐང་ལུ་ ཨ་ལུ་ཚུ་ རྩེདམོ་རྩེ་སའི་ ས་གོ་ཚུལ་ལྡན་ཅིག་མེདཔ།

༢༧/༡༢/༢༠༡༢    ༉ བུམ་ཐང་ལྕམ་མཁར་ཁྲོམ་གྱི་སྦུག་ལུ་ ས་ཆ་ཕིཊ་གྲུ་བཞི་༤༠༠ ལྷགཔ་ཅིག་ ཨ་ལུའི་རྩེད་ཐང་ངམ་ གླིང་ཀ་བཟོ་ནི་གི་དོན་ལུ་ བཞག་ཡོདཔ་ཨིན་རུང་ ས་ཁོངས་དེ་ ད་ལྟོ་ ག་ནི་ཡང་ བཟོ་མ་ཚུགས་པའི་ཁར་ གོང་འཕེལ་གཏང་ནི་གི་ འཆར་གཞི་ཡང་མེདཔ་ཨིན་པས།
ཨ་ལུའི་རྩེད་ཐང་གི་དོན་ལུ་ ངོས་འཛིན་འབད་མི་ས་ཁོངས།

ཀྲོང་གསར་དང་ གཞལམ་སྒང་གི་བར་ན་ ལམ་ཧ་ཀ་ཧོ་ཀ་གིས་གང་ཡོདཔ།

༢༧/༡༢/༢༠༡༢    ༉ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་དོན་ལུ་ ཉིན་བསྟར་བཞིན་དུ་ འཕྲུལ་ཆས་སྦོམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་མི་ལུ་བརྟེན་ ཀྲོང་གསར་དང་ གཞལམ་སྒང་གི་ གཞུང་ལམ་གནས་སྟངས་སྐྱོ་དྲགས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ཅ་ཆས་སྦོམ་ཚུ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཅིག་ ལམ་ཐལཝ་ཁོག་ཁོ་བདའ་སྟེ་ འགྲོ་འགྲུལ་འབད་བའི་བསྒང་།

ཆ་གླིང་གི་ མི་སེར་ཚུ་ ལྷ་གསོལ་ནི་དང་ ལོ་ཆོག་གཏང་ནི་ལུ་ ག་ཐོབ་རྐྱབ་དོ་ཡོདཔ།

༢༧/༡༢/༢༠༡༢    སྤྱི་ཟླ་དང་པ་ལས་འགོ་བཙུགས་ བཙག་འཐུ་མཇུག་མ་བསྡུ་ཚུན་ཚོད་ མི་མང་སྤུངས་འཛོམས་དང་འབྲེལ་བའི་ ཆོས་ཕྱོགས་ལས་རིམ་ཚུ་ འགོ་འདྲེན་འཐབ་མ་ཆོག་ནི་དེ་གིས་ཨིན་པས།
༉ ད་རེས་ནངས་པ་ མོང་སྒར་ཆ་གླིང་རྒེད་འོག་ནང་ ཉིན་བསྟར་བཞིན་དུ་ ཁྱིམ་གུང་༥ དང་༦ གི་བར་ན་ མཆོད་པའི་སྒྲ་ དུང་དང་ རྒྱ་གླིང་ཚུ་གི་ སྐད་ཚུ་གོ་མི་དེ་ཡང་ སྤྱི་ཟླ་༡ པའི་ཚེས་༡ ལས་ ཆོས་ཕྱོགས་ཀྱི་ལས་རིམ་ འགོ་འདྲེན་འཐབ་མི་ཆོག་ཟེར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཁྱབ་བསྒྲགས་འབད་མི་ལུ་བརྟེན་ཨིན་པས།
ཡེ་ཤེས་རྡོ་ཇེའི་ཁྱིམ་ནང་ ལོ་ཆོག་གནང་པའི་བསྒང་།
ལོ་ཆོག་གི་དོན་ལུ་བཞེངས་མི་ གཏོརམ་ཚུ།

བརྡ་བརྒྱུད་ཀྱི་ལས་རིམ་ མཇུག་བསྡུ་ཡོདཔ།

༢༧/༡༢/༢༠༡༢   ༉ འབྲུག་བརྡ་བརྒྱུད་དམངས་གཙོ་ལྟེ་བ་གིས་ འགོ་འདྲེན་འཐབ་མི་ ཉིན་གྲངས་༨ འབད་མི་ བརྡ་བརྒྱུད་ཀྱི་ལས་རིམ་ཐེངས་༦ པ་དེ་ སྤྱི་ཟླ་༡༢ པའི་ཚེས་༢༤ ལུ་ ཐིམ་ཕུ་ ན་གཞོན་དཔལ་རི་ལུ་སྦེ་ མཇུག་བསྡུ་ཡི།

ལོ་ན་མ་སྨིན་མི་ སློབ་ཕྲུག་དང་ དགའ་མཐུན་བྱུང་མི་ སློབ་དཔོན་ཅིག་འཛིན་བཟུང་།

༢༧/༡༢/༢༠༡༢   ༉ བསམ་རྩེའི་ཁྲིམས་སྲུང་འགག་པ་གིས་ ལོ་ན་མ་སྨིན་མི་ སློབ་ཕྲུག་བུམོ་ཅིག་དང་ འབྲེལ་བ་བྱུང་པའི་ ཁ་ཉེས་ཕོག་མི་ སློབ་གྲྭའི་སློབ་དཔོན་ཅིག་ སྤྱི་ཟླ་༡༢ པའི་ཚེས་༢༢ ལུ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།

ཚོང་སྡེའི་ཚོགས་པའི་འཐུས་མི་ལུ་ དངུལ་ཕོགས་ཀྱི་ཐོབ་བརྗོད།

༢༧/༡༢/༢༠༡༢   ༉ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ ད་རེས་ཁམས་ཅིག་ལུ་ རྫོང་ཁག་༢༠ འི་ནང་ རྫོང་ཁག་ཚོང་འབྲེལ་འཐུས་མི་དང་ རྫོང་ཁག་ཡོངས་ཁྱབ་ཚོགས་པའི་འཐུས་མི་ཚུ་ བཙག་འཐུ་འབད་ཚར་ཡོད་མི་དང་བསྟུན་ འཐུས་མི་ཚུ་གིས་ཡང་ ཟླ་རིམ་དངུལ་ཕོགས་ཀྱི་ ཐོབ་བརྗོད་བཀོད་མི་ ཐོནམ་ཨིན་པས།

ད་རིས་ མར་མི་དྭགས་གསུམ་དང་ ཞབས་དྲུང་དག་སྣང་མའི་ བཀའ་དབང་གནང་ནི།

༢༦/༡༢/༢༠༡༢   སྤྱི་ཟླ་༡༢ པའི་ཚེས་༢༠ ལས་ འགོ་བཙུགས་མི་ བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་ལས་རིམ་དེ་ སྤྱི་ལོ་༢༠༡༣ ཟླཝ་༡ པའི་ཚེས་༡༠ ལུ་ འགྲོལ་གནང་ནི་ཨིན་པས།
༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤུ་ན་ཁ་ ཐང་བཟང་ནང་སྦེ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་གནངམ་དང་འབྲེལ་ ཉིན་གྲངས་༤ གི་རིང་ གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ དབང་ལུང་གནང་མི་དེ་ ཁ་ཙ་ གྲོལ་ཡོདཔ་བཞིན་དུ་ ད་རིས་ མར་མི་དྭགས་གསུམ་དང་ འགྲོ་མགོན་གཙང་པ་རྒྱ་རས་ ཞབས་དྲུང་དག་སྣང་མའི་ བཀའ་དབང་གནང་ནི་ཨིན་པས།
སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

གསང་བའི་སྙན་ཞུ་འབད་མི་ལུ་ དགའ་ཚོར་གྱི་གསོལ་རས་ དངུལ་ཀྲམ་འབུམ་༡ བྱིན་ནི།

༢༦/༡༢/༢༠༡༢   དེ་ཡང་ ལྷ་ཁང་༦ ནང་ལས་ གླངམོ་ཆེའི་མཆེཝ་༡༣ དང་ ནོརབུ་བསི་ལི་རྭཝ་༡ ཨར་རྐུན་འབད་མི་ཚུ་ འཛིན་བཟུང་འབད་ཚུགས་པ་ཅིན།
༉ འདས་པའི་ལོ་ངོ་༡ གི་ ནང་འཁོད་ལུ་ ནུབ་ཕྱོགས་རྫོང་ཁག་གསུམ་གྱི་ ལྷ་ཁང་༦ ནང་ལས་ ཨར་རྐུན་འབད་མི་ཚུ་ འཛིན་བཟུང་འབད་ཚུགས་པའི་ གསང་བའི་སྙན་ཞུ་འབད་མི་ལུ་ དགའ་ཚོར་གྱི་གསོལ་རས་ དངུལ་ཀྲམ་འབུམ་༡ བྱིན་ནི་ཟེར་ ཁྲིམས་སྲུང་འགག་པ་གིས་ གསལ་བསྒྲགས་འབདཝ་ཨིན་པས།

སྣུམ་འཁོར་བཞག་ཐང་བཟོ་སྐྲུན་གྱི་ཟད་འགྲོ་ སྒྲིང་ཁྱིམ་དང་འདྲ་མཉམ་གནས་དོ་ཡོདཔ།

༢༦/༡༢/༢༠༡༢   ༉ བཀྲིས་སྒང་ལུ་ སྣུམ་འཁོར་བཞག་ཐང་རྐྱབ་ནིའི་དོན་ལུ་ བཟོ་བཀོད་དང་ ཟད་འགྲོ་ཚུ་ ཁྱིམ་རྐྱབ་མི་ཚུ་བཟུམ་སྦེ་ར་ གནས་དོ་ཡོདཔ་ལས་ སྤྱིར་བཏང་གནས་སྟངས་ཐོག་གི་ བཟོ་བཀོད་འབད་མི་ཚུ་དང་ཕྱདཔ་ད་ ཟད་འགྲོ་ཚར་༥༠ གིས་ མཐོ་སུ་སྦེ་ གནས་ཡོདཔ་ཨིན་པས།
དེ་ཡང་ སྣུམ་འཁོར་༡༠༠ ཤོང་བའི་ བཞག་ཐང་གི་ས་ཁོངས་ཅིག་ བཟོ་བཀོད་འབད་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༩.༣༤༧ གནས་ཡོདཔ་ཨིན་པས།

བཟོ་སྐྲུན་འབད་མི་ སྣུམ་འཁོར་བཞག་ཐང་གསརཔ།

པད་གླིང་མཚོ་སྐམ་མིའི་ ཉམས་སྲུང་གི་ལཱ་འབད་ནི།

༢༦/༡༢/༢༠༡༢   ༉ མར་ཉམས་ཀྱི་གནས་སྟངས་ཁར་ཐུག་ཡོད་པའི་ ངང་ལམ་ བདེ་ཆེན་གླིང་རྒེད་འོག་གི་ པད་གླིང་མཚོ་དེ་ ཉམས་སྲུང་གི་དོན་ལུ་ མཐའ་འཁོར་ལས་ཕར་ སྐྱེ་ཤིང་འཛུགས་སྐྱོང་འབད་དེ་ འཕྲལ་མགྱོགས་ར་ ལྕགས་ཀྱི་ར་བ་རྐྱབ་ནི་ཨིན་པས།

བུམོ་ལོ་ན་མ་སྨིན་མི་ ལུས་འབྲེལ་འབད་མི་ལུ་ ལོ་༩ བཙོན་ཁྲིམས།

༢༦/༡༢/༢༠༡༢   ༉ ཐོག་མ་ཁྲིམས་འདུན་ལས་ སྐྱེས་ལོ་༢༡ ལང་མི་ བསོད་ནམས་ཕུན་ཚོགས་ཀྱིས་ ཁོ་རའི་ བུམོ་རོགས་ ན་གཞོན་སྐྱེས་ལོ་༡༦ འབད་མི་ཅིག་དང་གཅིག་ཁར་ ལུས་འབྲེལ་འབད་མི་ལུ་ ཉེས་ཁྲིམས་ལོ་༩ བཀལ་ཡོདཔ་ལས་ ཁོ་གིས་ འདི་ལུ་ཡིད་ཆེས་འདྲོངས་མ་ཚུགས་པར་ མཐོ་གཏུགས་འབད་ཡོད་རུང་ སྤྱི་ཟླ་༡༢ པའི་ཚེས་༢༣ ལུ་ ཆེ་མཐོ་ཁྲིམས་འདུན་ལས་ཡང་ རང་འཇགས་བཞག་ཡོདཔ་ཨིན་པས།

རྒཔོ་ཚུ་ལུ་ཡང་ ཞི་གཡོག་གི་ སྡེ་རིམ་བཟོ་དགོ་པའི་གྲོས་འཆར།

༢༦/༡༢/༢༠༡༢   སྡེ་རིམ་མེད་པའི་བསྒང་ལས་ འགྲུལ་འཐུས་ཚུ་ མི་ཐོབ་པས་ཟེར་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་གིས་ སླབ་ཨིན་པས།
༉ དབང་འདུས་ཕོ་བྲང་ རྫོང་ཁག་ཡར་རྒྱས་ཚོགས་འདུའི་ འཐུས་མི་ཚུ་གིས་ ཁོང་གི་ སྡེ་རིམ་དེ་ ཞི་གཡོག་དང་གཅིག་མཚུངས་སྦེ་ བཟོ་དགོ་པའི་སྐོར་ལས་ སྤྱི་ཚོགས་ནང་ གྲོས་གཞི་བཙུགས་ནི་ཨིན་རུང་ སྡེ་རིམ་ག་ཅི་ནང་ དགོ་ནི་ཨིན་ན་ ཁ་གསལ་སྦེ་མེདཔ་ཨིན་པས།
རྒཔོ་ཚུ་གིས་ ཐོབ་ལམ་གྱི་སྐོར་ལས་ གྲོས་བསྡུར་འབད་བའི་བསྒང་།

འབྲུག་དང་ ཀོ་ལིམ་བི་ཡ་རྒྱལ་ཁབ་ཀྱིས་ མཐུན་འབྲེལ་གཞི་བཙུགས།

༢༦/༡༢/༢༠༡༢   ༉ དུས་ཅི་ སྤྱི་ཟླ་༡༢ པའི་ཚེས་༢༡ ལས་ འབྲུག་རྒྱལ་ཁབ་དང་ ཀོ་ལོམ་བི་ཡ་མི་སེར་རྒྱལ་ཁབ་གཉིས་ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་གཞི་བཙུགས་འབད་ཡོདཔ་ཨིན་པས།
འབྲུག་གི་སྐུ་ཚབ་ལྷ་ཕྲུག་དབང་ཕྱུག་དང་ ཀོ་ལིམ་བི་ཡའི་སྐུ་ཚབ་ ནིའི་ཊོར་ ཨོ་སོ་རིའོ་ ༢ ཀྱི་བར་ན་ ཡིག་ཆ་བརྗེ་སོར་འབད་བའི་བསྒང་།

ཉེན་སྲུང་མེད་པའི་ ལྕགས་ཁྲམ་སྒོ་ར་ལུ་བརྟེན་ ཨ་ལུ་༡ ལུ་ཤི་རྐྱེན།

༢༦/༡༢/༢༠༡༢   ཨ་ལུ་ལམ་འགྱོ་ཤེསཔ་ཙམ་ཅིག་འབད་མི་ལུ་ རྐྱེན་ངན་བྱུང་མི་དེ་གིས་ ཨ་ལུའི་གླིང་ཀའི་ ཉེན་སྲུང་དང་ འགན་འཁྲི་ལུ་དྲི་བཀོད།
༉ ཁ་ཙ་ ལོ་༢ ཀྲིག་ཀྲི་ལང་ནི་ཨིན་པའི་ ཨ་ལུ་བུཚ་ཅིག་ སྤྱི་ཟླ་༡༢ པའི་ཚེས་༢༢ ཀྱི་ཕྱི་རུ་ཁམས་ཅིག་ཁར་ ཐིམ་ཕུ་ལྕང་གླིང་མི་ཐང་གི་འོག་ལུ་ བརྒྱ་འཁོར་ཨ་ལུའི་གླིང་ཀའི་ ལྕགས་ཁྲམ་སྒོ་ར་འགྱེལ་འོངམ་ད་ མགུ་ཏོ་ཁར་ཕོག་སྟེ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཨ་ལུ་ཚབས་ཆེན་སྨན་བཅོས་སྡེ་ཕྲན་ནང་ བསྐྱལ་བའི་ཤུལ་ལུ་ དེ་གི་ནངས་པ་དྲོ་པར་ ཤི་སོཔ་ཨིན་པས།
ཐིམ་ཕུ་བརྒྱ་འཁོར་ ཨ་ལུའི་གླིང་ཀ་ནང་འགྱོ་སའི་ ལྕགས་ཁྲམ་འཛུལ་སྒོ།

ཕྱི་མི་ལུ་ཆོག་ཐམ་སྤྱོད་བཅུག་མི་ཚུ་ ཆ་མེད་བཏང་ཡོདཔ།

༢༦/༡༢/༢༠༡༢   ༉ འདས་པའི་ཟླཝ་༥ མ་ལངམ་ཅིག་གི་ནང་འཁོད་ལུ་ བསམ་གྲུབ་ལྗོངས་མཁར་ ལུང་ཕྱོགས་ཚོང་དང་བཟོ་གྲྭ་ཡིག་ཚང་གིས་ ཚོང་འབྲེལ་ཆོག་ཐམ་༥ དེ་ཅིག་ ཚུལ་མིན་ཐོག་ ཕྱི་མི་ཚུ་ལུ་ གླ་ཁར་བཏང་ཐོག་ལས་ ཚོང་འབྲེལ་འཐབ་ཡོད་པའི་གནད་དོན་ཐོག་ ཆ་མེད་བཏང་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༢༥/༡༢/༢༠༡༢
རང་ཟླ་༡༡ པའི་ཚེས་༨ ལས་འགོ་བཙུགས་ཏེ་ ཉིན་གྲངས་༥ འི་རིང་ འགོ་འདྲེན་འཐབ་མི་ ཀྲོང་གསར་གྱི་ ལོ་བསྟར་ཚེས་བཅུ་དེ་ ཁ་ཙ་ མི་མང་ལུ་ གུ་རུ་མཚན་བརྒྱད་ཀྱི་ མཐོང་གྲོལ་མཇལ་ཁ་གནང་ཐོག་ལས་ གྲོལ་ཡོདཔ་བཞིན་དུ་ ཨ་རྟག་དང་ཕྱདཔ་ད་ དུས་ཅི་ ཚེས་བཅུ་མཇལ་མི་ ཉུང་སུ་ཅིག་ལས་ མེད་མི་དེ་ཡང་ ཀྲོང་གསརཔ་ཚུ་ མང་ཤོས་ར་ སྤུ་ན་ཁ་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ལས་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་ཞུ་བར་ སོང་ནི་དེ་གིས་ ཨིན་པའི་གནས་ཚུལ།
 

བཙན་ཁྲིད་འབད་མི་ དོགས་ཅན་༥ འཛིན་བཟུང་འབད་ཡོདཔ།

༢༥/༡༢/༢༠༡༢   གླ་འཁོར་དེད་གཡོགཔ་དང་ དགའ་སྐྱིད་གླིང་གཡུས་ཚན་གྱི་ རྩིསཔ་༢ ཆ་ར་ བཙན་བཟུང་འབད་མི་ སྡེ་ཚན་ཅིག་ཨིན་པའི་ ངོས་འཛིན་བྱུང་ནུག།
༉ འདས་པའི་ཟླཝ་ནང་ གསར་སྤང་ལས་ དགེ་ལེགས་ཕུག་ལུ་ འོང་བའི་ལམ་ཁར་ འབྲུག་མི་གཉིས་ དབང་བཙོང་གི་སྒོ་ལས་ ཁྱིད་སོང་མིའི་ནང་ འབྲེལ་གཏོགས་ཡོད་མི་ དོགས་པ་ཅན་༥ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

སྔོན་འགྲོའི་བརྟག་དཔྱད་ནང་ གག་འགྲམ་ཞུགས་མི་ཚུ་ གས་རྫས་ལུ་བརྟེན་མེན་པའི་མངོན་གསལ།

༢༥/༡༢/༢༠༡༢   ཨིན་རུང་ གཏན་འཁེལ་གྱི་ སྙན་ཞུ་དེ་ ཟླཝ་༡ གི་རྒྱབ་ལས་ བཏོན་ནི་ཨིན་པས།
༉ ཀྲོང་གསར་རྫོང་དང་ ལྟ་རྫོང་ དེ་ལས་ རྫོང་གི་གདོང་ཕྱོགས་ལུ་ མཐོང་གསལ་ཆེ་བའི་ ས་ཁོངས་ནང་ཡོད་མི་ མགྲོན་ཁྱིམ་གསུམ་ལུ་ གག་འགྲམ་ཞུགས་མི་དང་ སེར་གུ་ཐོན་མི་དེ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཆུ་མཛོད་ཁང་བཟོ་སྐྲུན་འབད་སའི་ ས་ཁོངས་ནང་ གས་རྫས་ལག་ལེན་འཐབ་མི་ལུ་བརྟེན་ཨིན་པའི་ ཁ་ཉེས་བཀལ་མི་ལུ་ རྒྱ་གར་ལས་ ཞིབ་དཔྱད་འབད་བར་འོང་མི་༢ ཀྱིས་འབད་བ་ཅིན་ མེནམ་བཟུམ་ཅིག་འདུག་ཟེར་ཨིན་པས།

གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་དབང་ལུང་ ད་རིས་འགྲོལ་ནི།

༢༥/༡༢/༢༠༡༢   ཁ་ཙ་ཚུན་ཚོད་ གྲུབ་ཐོབ་ཆེན་པོ་༦༣ གྱི་ དབང་ལུང་གནང་ཡོདཔ་ཨིན་པས།
༉ སྤུངས་ཐང་བདེ་བ་ཆེན་པོའི་ ཕོ་བྲང་གི་ ཉེ་འདབས་ལུ་ ཐང་བཟང་ནང་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠ པ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ མི་མང་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་ཐེངས་དང་པ་ གནངམ་དང་འབྲེལ་ སྤྱི་ཟླ་༡༢ པའི་ཚེས་༢༢ ལས་འགོ་བཙུགས་ གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ དབང་ལུང་གནང་མི་དེ་ ད་རིས་ འགྲོལ་ནི་ཨིན་པས།
ཐང་བཟང་ནང་ བཀའ་དབང་ཞུ་མི་ དད་ཅན་ཕོ་མོ་ཚུ།

སྡེབ་སིའི་ས་གནས་གོང་འཕེལ་འཆར་གཞི་ ཁ་ཙ་འགོ་འབྱེད་འབད་ཡོདཔ།

༢༥/༡༢/༢༠༡༢   ༉ ཐིམ་ཕུ་རྫོང་ཁག་གི་ སྡེབ་སི་ས་གནས་གོང་འཕེལ་གྱི་འཆར་བཀོད་དེ་ སའི་ཇོ་བདག་ཚུ་དང་ གྲོས་བསྡུར་ཞལ་འཛོམས་ཐེངས་ལེ་ཤ་ཅིག་འཚོགས་པའི་ཤུལ་ལུ་ ད་རུང་ ཇོ་བདག་དག་པ་ཅིག་གིས་ ཉོགས་བཤད་བཀོད་ཐོག་ འཆར་བཀོད་དེ་ལུ་ རྒྱབ་སྐྱོར་གྱི་ཆ་འཇོག་འབད་མ་བཏུབ་རུང་ ཁ་ཙ་ འཆར་བཀོད་དེ་གི་ལག་ལེན་ འགོ་འབྱེད་གནང་ཡི།
ཨེཀསི་ཀེ་བེ་ཊར་གྱིས་ འགོ་འབྱེད་ནང་ས་རྐོ་བའི་བསྒང་།

ཀོ་ཀ་ཀོ་ལ་ རྒྱལ་ཡོངས་ཕུཊ་བཱོལ་ལིག་གི་རྩེད་འགྲན་ འབད་བའི་བསྒང་ཡོདཔ།

༢༥/༡༢/༢༠༡༢   ༉ སྤྱི་ཟླ་༡༢ པའི་ཚེས་༢༣ རེས་གཟའ་ཟླ་བ་ལུ་ རྒྱལ་ཁབ་ནང་འགོ་ཐོག་ ཀོ་ཀ་ཀོ་ལ་རྒྱལ་ཡོངས་ཕུཊ་བཱོལ་ལིག་གི་རྩེད་འགྲན་ འགོ་འགྲན་འཐབ་མི་དང་འབྲེལ་ རྫོང་ཁག་༣ ནང་ དུས་མཉམ་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༢༥/༡༢/༢༠༡༢
མོང་སྒར་རྫོང་ཁག་ སྐྱེངས་མཁར་ལུ་ ཞིང་ལམ་ལྷོད་མི་དང་བསྟུན་ ཚལ་ལུ་འཛུགས་སྐྱོང་འབད་མི་ སོ་ནམ་ཞིང་ལསཔ་ཚུ་ལུ་ རང་སོའི་ཐོན་སྐྱེད་ཚུ་ ཐད་ཀར་དུ་ སྣུམ་འཁོར་ཚུ་ནང་ སྐྱེལ་འདྲེན་འབད་ཐོག་ལས་ ཚོང་འབྲེལ་འཐབ་ནི་ལུ་ ཕན་ཁྱད་བྱུང་ཡོད་མིའི་གྲས་ལས་༡ སྐྱེས་ལོ་༢༧ ལང་མི་ ཨ་ལུ་༣ གྱི་ཨའི་ འཇིགས་མེད་ཆོས་སྒྲོན་དེ་ཨིནམ་ད་ མོ་གིས་ མོ་རའི་ཨ་ལུ་ ཟླཝ་༣ ལང་མི་བུམོ་དེ་ སྒལ་པར་འབག་སྟེ་ ཚལ་ལུ་སྦོམ་ཆུང་སེལ་ཐོག་ལས་ ཙེའུ་ནང་བཙུགས་པའི་ཤུལ་ལུ་ ཕུན་ཚོགས་གླིང་ལུ་ བཙོང་པར་འབག་མི་ཅིག་ལུ་ བཙོངམ་ཨིན་པའི་གནས་ཚུལ།

 

ཆང་འཐུང་མིའི་གནས་ཚད་ མར་བབས་སོང་ཡོད་པའི་བརྡ་མཚོན།

༢༥/༡༢/༢༠༡༢   མོང་སྒར་དང་ ལྷུན་རྩེ་རྫོང་ཁག་༢ ཀྱི་ རྒེད་འོག་༥ འི་ནང་ མོ་བཏབ་ལས་འགུལ་ལག་ལེན་འཐབ་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ལས་ རྫོང་ཁག་གཞན་ཚུ་ནང་ཡང་ ལག་ལེན་འཐབ་ནི་གི་འོས་འབབ།

༉ མོང་སྒར་རྫོང་ཁག་གི་ རྒེད་འོག་གསུམ་དང་ ལྷུན་རྩེའི་རྒེད་འོག་༢ ནང་ ཆང་འཐུང་མིའི་ གནས་ཚད་རྒྱ་ཆེཝ་སྦེ་ར་ མར་བབས་སོང་ཡོདཔ་མ་ཚད་ མི་སེར་གྱི་ འཚོ་བའི་གནས་སྟངས་ལེགས་བསྒྱུར་སོང་ཡོདཔ་ཨིན་པས།
དེ་ཡང་ སྤ་རོ་ལུ་ ཉིན་གྲངས་༣ གྱི་རིང་ འབྲུག་ལུ་ ཆང་ལག་ལེན་གྱི་ གནོད་ཉེན་མར་ཕབ་ནང་ མཉམ་འབྲེལ་གོང་འཕེལ་གཏང་ནིའི་ མཁས་རིག་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་མི་དེ་ནང་ རྫོང་ཁག་གཉིས་ཀྱི་ རྒེད་འོག་༥ ནང་ མོ་བཏབ་ལས་འགུལ་ཅིག་ འགོ་འདྲེན་འཐབ་མིའི་ སྙན་ཞུ་ཅིག་ གསལ་སྟོན་འབད་ཡོདཔ་ཨིན་པས།


དབང་པོ་སྐྱོན་ཅན་ཚུ་ལུ་ ཤེས་རིག་གི་ གོ་སྐབས་འདྲ་མཉམ།

༢༥/༡༢/༢༠༡༢   ༉ དབང་པོ་ལུ་ཐོ་ཕོག་མི་ ཨ་ལུ་ཚུ་གིས་ ལས་རིམ་དང་ ལས་སྣ་ཚུ་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་མི་ ཅ་ཆས་ཚུ་ལུ་ ནང་ཁྲལ་དང་ ཅ་ཁྲལ་ དེ་ལས་ འགྲེམ་སྐྱེལ་གྱི་ཁྲལ་ཚུ་ མ་ཕོགཔ་སྦེ་ ཤེས་རིག་ལྷན་ཁག་གི་ རྒྱལ་གཞུང་དམིགས་བསལ་ཤེས་ཡོན་སྲིད་བྱུས་ནང་བཀོད་ནུག།

ནང་འཁོད་འཕུར་འགྲུལ་བཀག་བཞག་མི་གིས་ བཟའ་ཁང་ཚུ་ལུ་ ཐོ་ཕོག་ཡོདཔ།

༢༥/༡༢/༢༠༡༢   ཨིན་རུང་ མཁའ་འགྲུལ་ཞབས་ཏོག་དེ་ ཤུལ་མའི་བདུན་ཕྲག་ནང་ འགོ་བཙུགས་ཚུགས་པའི་རེ་བ།
༉ དུས་སྤྱི་ཟླ་༦ པ་ལས་ཚུར་ བཀྲིས་སྒང་ཡོན་ཕུ་ལ་ལུ་ ནང་འཁོད་འཕུར་འགྲུལ་ཞབས་ཏོག་དེ་ གནས་སྐབས་ཅིག་ མཚམས་འཇོག་སྦེ་ བཞག་མི་དེ་གིས་ བཟའ་ཁང་ཚུ་གི་ ཚོང་འབྲེལ་ལུ་ ཐོ་ཕོག་ཡོདཔ་ཨིན་པས།
དེ་ཡང་ རྫོང་ཁག་ནང་ འཕུར་འགྲུལ་ཞབས་ཏོག་མེད་མི་ལུ་བརྟེན་ ལྟ་བཤལཔ་ཚུ་ལུ་ ཞབས་ཏོག་མཁོ་སྤྲོད་འབད་མི་ འབྲུག་འདོད་འབྱུང་མགྲོན་ཁང་དང་ གླིང་ཁར་སྐྱིད་གནས་ཁང་ ཀེ་སི་བཟའ་ཁང་ལ་སོགས་པའི་ ཚོང་མགྲོན་པ་མང་རབས་ཅིག་གིས་ ཁོང་གི་ མཁོ་མངགས་ཚུ་ ཆ་མེད་བཏང་ཡོདཔ་ཨིན་པས།

ན་ཧིང་ སྤྱི་ཟླ་༡༢ པའི་ནང་ ཡོན་ཕུ་ལ་ ནང་འཁོད་གནམ་ཐང་ནང་ འཕུར་འགྲུལ་ཞབས་ཏོག་ འགོ་བཙུགས་ཀྱི་ རྟེན་འབྲེལ་སྐབས་ཆགས་མི་ འབྲུག་གནམ་གྲུ་ལས་འཛིན་གྱི་གནམ་གྲུ།

རྫོང་ཁག་གནས་རིམ་ནང་ བཙག་འཐུ་ཉོགས་བསལ་གཞི་བཙུགས་འབད་ནི།

༢༥/༡༢/༢༠༡༢   ༉ འདས་པའི་ སྤྱི་ལོ་༢༠༠༨ ཀྱི་ སྤྱི་ཚོགས་བཙག་འཐུ་དང་མ་འདྲཝ་སྦེ་ བཙག་འཐུ་དང་འབྲེལ་བའི་ རྩོད་ཉོགས་བསལ་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ས་གནས་ཁ་ལས་འགོ་བཙུགས་ཐབས་ལུ་ རྫོང་ཁག་གནས་རིམ་ནང་ རྩོད་ཉོགས་བསལ་ཞིབ་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ནི་ཨིན་པས།

འཁོར་ལམ་ལུ་བརྟེན་ སྐྱེངས་མཁར་ལུ་ འཚོ་བའི་གནས་སྟངས་ཡར་དྲག།

༢༤/༡༢/༢༠༡༢   ༉ སྐྱེས་ལོ་༢༧ ལང་མི་ འཇིགས་མེད་ཆོས་སྒྲོན་གྱིས་ ད་རིས་བཟུམ་མའི་ གནམ་དགུན་གྱི་ དུས་ཚོད་ནང་ མོང་སྒར་སྐྱེངས་མཁར་ལུ་ གྱང་ཤུགས་ག་དེམ་ཅིག་ཆེ་རུང་ མོ་རའི་ཨ་ལུ་ ཟླཝ་༣ ལང་མི་བུམོ་དེ་ སྒལ་པར་འབག་སྟེ་ ཚལ་ལུ་སྦོམ་ཆུང་སེལ་ཐོག་ལས་ ཙེའུ་ནང་བཙུགསཔ་ཨིན་པས།
བཟའ་ཚང་འཐུས་མི་ཅིག་གིས་ ཨེ་ཁུ་གུ་ལས་ཡར་འཛེགས་ཏེ་ ཚལ་ལུ་བཏོག་པའི་བསྒང་།

ལོ་༣ དེ་ཅིག་གི་ཧེ་མར་ ཨར་རྐུན་ཤོར་མི་ལུ་ ཞིབ་དཔྱད་མཇུག་མ་བསྡུ་བར་ཡོདཔ།

༢༤/༡༢/༢༠༡༢   འགོ་དཔོན་གཅིག་གིས་གཅིག་ལུ་ རྩིས་སྤྲོད་ཐོག་ལས་ ཞིབ་དཔྱད་མཐིལ་ཕྱིན་སྦེ་ རྐྱབ་མ་བཏུབ་ཟེར་ ཉམས་རྒུད་པ་གིས་ ཁ་ཉེས་བཀལཝ་ཨིན་པས།

༉ སྤྱི་ལོ་༢༠༡༠ ལུ་ ཐིམ་ཕུ་ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ ཉེ་འདབས་ལུ་ སྣ་ཚོགས་ཚོང་ཁང་ཅིག་ནང་ལས་ ཨར་རྐུན་ཤོར་མིའི་ ཞིབ་དཔྱད་དེ་ ད་ལྟོའི་བར་ན་ཡང་ འབད་བཞིན་དུ་ཡོདཔ་ཨིན་པས།
ཨར་རྐུན་དེ་ སྤྱི་ལོ་༢༠༡༠ ཟླ་༡༠ པའི་ཚེས་༢༡ ལུ་ ཤོར་བའི་སྐབས་ལུ་ ཚོང་ཁང་ནང་ལས་ རིན་གོང་དངུལ་ཀྲམ་༤༦༣,༠༠༠ དེ་ཅིག་གནས་པའི་ སྐུད་ཤུད་ཐགས་རས་དང་ གོ་ལའི་རིགས་ཚུ་ འཐུ་འབག་ཡོདཔ་ཨིན་པས།


མདའ་རྩེདཔ་དྲག་ཤོས་ཀྱི་ གསོལ་རས་ཡང་ རྒྱལ་ཁ་ཐོབ་མི་ སྡེ་ཚན་ལས་ཐོབ་ཡོདཔ།

༢༤/༡༢/༢༠༡༢   ༉ སྤྱི་ཟླ་༡༢ པའི་ཚེས་༢༢ ལས་འགོ་བཙུགས་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ ཐིམ་ཕུ་མཉམ་རོགས་སྡེ་ཚན་༢ ཀྱི་བར་ན་ འབྲུག་དབང་རྒྱལ་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་གྱི་ མཐའ་བཅད་རྩེད་འགྲན་འབད་བའི་སྐབས་ ཁ་ཙ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ མདའ་རྩེདཔ་བཀྲིས་ཀྱིས་ དོ་སྦྱེལ་རྐྱབ་ཐོག་ལས་ སྐུགས་༢ པ་ཆོད་དེ་ རྒྱལ་ཁ་ཐོབ་ཅི།
མཐའ་བཅད་འགྲན་བསྡུར་ནང་ ཆོད་མདའ་རྐྱབ་མི་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ མདའ་རྩེདཔ་བཀྲིས་དེ་ ཆ་རོགས་ཚུ་གིས་ ཕྱག་ལྟག་གུ་བཀལ་ཐོག་ལས་ འབའ་ཚང་ནང་ འབག་འགྱོ་བའི་བསྒང་།

ན་གཞོན་ལཱ་གཡོག་མེད་མི་ བརྒྱ་ཆ་༥ ལྷགཔ་ཅིག་མར་བབས།

༢༤/༡༢/༢༠༡༢   ༉ ནུབ་ཕྱོགས་ཡུ་རོབ་རྒྱལ་ཁབ་ཚུ་ནང་ དཔལ་འབྱོར་མར་ཉམས་ འགྱོ་མི་ལུ་བརྟེན་ ན་གཞོན་གཡོག་ཡོད་མི་ཚུ་ཡང་ རང་སོའི་ལཱ་གཡོག་བཀོ་བཞག་དགོཔ་ བྱུང་ནི་དེ་གིས་ ལཱ་གཡོག་མེད་མིའི་ ཚད་གཞི་དེ་ ཡར་སེང་སོང་ཡོདཔ་ཨིན་རུང་ འབྲུག་ལུ་ རྒྱབ་འགལ་ཨིན་པའི་ གསལ་སྟོན་བྱུངམ་ཨིན་པས།

ཚོང་ལཱ་གོང་འཕེལ་གཏང་ནིའི་དཔྱད་ཡིག་ སྤྱི་ཚོགས་ནང་བཙུགས་ནི།

༢༤/༡༢/༢༠༡༢   དེ་འབདཝ་ད་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་མཇུག་ནང་ དཔྱད་ཡིག་གསརཔ་ཚུ་གི་ གསུང་གྲོས་མི་གནང་ནི་བཟུམ་ཡོདཔ།

༉ འབྲུག་གི་ཚོང་དང་ བཟོ་གྲྭ་ཚོགས་སྡེའི་ ཡོངས་ཁྱབ་ཞལ་འཛོམས་ཐེངས་༢༧ པ་ སྤྱི་ཟླ་༡༢ པའི་ཚེས་༢༡ ལུ་ མཇུག་བསྡུ་མི་དང་འབྲེལ་ ཚོགས་སྡེའི་འབྲེལ་ཚོགས་དཔྱད་ཡིག་༢༠༡༢ ཅན་མ་ལུ་ རྫོང་ཁག་ཚོང་པའི་འཐུས་མི་དང་ རྫོང་ཁག་ཚོགས་སྡེའི་ འཐུས་མི་ཚུ་གིས་ རྒྱབ་སྣོན་ཆ་འཇོག་ཐོག་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་མཇུག་ནང་ ཕུལ་ནི་སྦེ་ གྲོས་ཐག་བཅད་ཅི།
ཡོངས་ཁྱབ་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ འཐུས་མི་ཚུ།

གཞུང་གིས་ བཀྲིས་ཚོང་འབྲེལ་ལུ་ ས་ཆའི་བདག་དབང་མེད་པའི་མཐོ་གཏུགས།

༢༤/༡༢/༢༠༡༢    དེ་ཡང་ གཞུང་གི་ངོ་ཚབ་༣ གྱིས་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ཐ་དད་ལུ་ བསམ་པ་མ་རྫོགས་པར་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནུག།

༉ ཟླཝ་འདི་གི་ སྔ་ཆ་ཅིག་ཁར་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་ནང་ ཐིམ་ཕུ་ཁྲོམ་ཁར་ གླ་འཁོར་བཞག་སའི་ ས་ཁོངས་བདག་དབང་གི་ འཁྲུན་ཆོད་ཐ་དད་བཏོན་མིའི་ རྒྱབ་འགལ་ལུ་ གཞུང་གི་ཁ་ཐུག་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ཞབས་ཏོག་ལྷན་ཁག་ དེ་ལས་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་༣ གྱིས་ མཉམ་འབྲེལ་ཐོག་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཀྱི་ ཞུ་ཡིག་བཙུགས་ནུག།
ས་ཆའི་བདག་དབང་གི་སྐོར་ལས་ རྩོད་རྙོགས་བྱུང་སྟེ་ ལོ་ངོ་༥ ལྷགཔ་ཅིག་སོང་མི་ གླ་འཁོར་བཞག་སའི་ས་ཁོངས།

འཐུང་ཆུའི་དཀའ་ངལ་ལུ་ ཁྲོམ་སྡེ་ལས་ ངོས་ལེན་མེདཔ།

༢༤/༡༢/༢༠༡༢   ༉ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ རིན་ཆེན་སྡིངས་ཀྱི་ འཐུང་ཆུ་ལེགས་བཅོས་ཁང་ ཉམས་བཅོས་འབད་བའི་བསྒང་ཡོདཔ་ཨིན་རུང་  ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ འཐུང་ཆུའི་དཀའ་ངལ་ཡོད་པའི་སྐོར་ལས་ ཁྲོམ་སྡེ་ལུ་ ག་དེམ་ཅིག་ར་ ཉོགས་བཤད་བཀོད་རུང་ ངོས་ལེན་འབད་ནི་མིན་འདུག་ཟེར་ཨིན་པས།

སྤ་རོ་ལུ་ ལྷ་ཁང་ཅིག་ནང་ལས་ གླངམོ་ཆེ་གི་མཆེཝ་༤ ཨར་རྐུན་ཤོར་ཡོདཔ།

༢༤/༡༢/༢༠༡༢    ༉ སྤྱི་ཟླ་༡༢ པའི་ཚེས་༢༠ གི་ཕྱི་རུ་ སྤ་རོ་སྟག་ཚང་གི་ལྟག་ལུ་ཡོད་མི་ ཨྱོན་རྩེ་མོ་ལྷ་ཁང་ནང་ལས་ གླངམོ་ཆེ་གི་མཆེཝ་༤ ཨར་རྐུན་ཤོར་ཡོདཔ་ཨིན་པས།

གས་རྫས་གས་མི་ལུ་བརྟེན་ གག་འགྲམ་ཞུགས་ཡོད་པའི་དོགས་སྣང་།

༢༢/༡༢/༢༠༡༢   ༉ ཀྲོང་གསར་ཁྲོམ་གྱི་ ཉེ་འདབས་ལས་ཕར་ སྡོད་མི་ཚུ་གིས་ ཀྲོང་གསར་རྫོང་དང་ ལྟ་རྫོང་ དེ་ལས་རྫོང་གི་གདོང་ཕྱོགས་ལུ་ཡོད་པའི་བཟའ་ཁང་ཅིག་ལུ་ གག་འགྲམ་གསརཔ་ཞུགས་ཡོད་མི་ཚུ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཆུ་མཛོད་རྐྱབ་སའི་ ས་ཁོངས་ནང་ གས་རྫས་གས་མི་ལུ་བརྟེན་ཏེ་ཨིན་པའི་ དོགས་པ་ཡོད་ཟེར་ཨིན་པས།
གྱང་རྩིག་ལུ་ འགག་འགྲམ་ཞུགས་མི་ ཀྲོང་གསར་ལྟ་རྫོང་།

རླུང་འཚུབས་ཀྱིས་ ཁྱིམ་༢ ཀྱི་ ཁྱིམ་ཐོག་ཚུ་ འཕྱགས་བདའ་ཡོདཔ།

༢༢/༡༢/༢༠༡༢    ༉ སྤྱི་ཟླ་༡༢ པའི་ཚེས་༢༠ གི་ ཉིན་མའི་ཆུ་ཚོད་༡༢ དེ་ཅིག་ལུ་ ཧཱ་རྫོང་ཁག་ནང་ རླུང་འཚུབས་འཕུ་མི་ལུ་བརྟེན་ དཀར་འཚོ་རྒེད་འོག་ ཧཱ་ཁྲོམ་གྱི་ཉེ་འདབས་ལུ་ སྒྲིང་ཁྱིམ་༢ ཀྱི་ ཁྱིམ་ཐོག་ཚུ་ ཆ་མཉམ་ར་ འཕྱགས་བདའ་ཡོདཔ་ཨིན་པས།
རླུང་འཚུབས་ཀྱིས་ ཁྱིམ་ཐོག་འཕྱགས་བདའ་མི་ ཁྱིམ་༣ གྱི་གྲས་ལས་༡། པར་བཏབ་མི་: བསོད་ནམས་དབང་ཕྱུག།

ཕུན་ཚོགས་གླིང་ཁྲོམ་སྡེའི་ འཐུས་མི་ཚུ་ དབུགས་འགམ་ཡོདཔ།

༢༢/༡༢/༢༠༡༢   ཁོང་གིས་འབད་བ་ཅིན་ ཚོགས་བཞུགས་འཐུས་ ཡར་སེང་གི་ གྲོས་འཆར་ལན་ཐེངས་ལེ་ཤ་ཕུལ་རུང་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
༉ ཕུན་ཚོགས་གླིང་གི་ ཁྲོམ་སྡེའི་འཐུས་མི་༦ གིས་ ཚོགས་བཞུགས་འཐུས་ཡར་སེང་རྐྱབ་དགོ་པའི་སྐོར་ ཞུ་བ་ལན་ཐེངས་མང་རབས་ཅིག་འབད་རུང་ ད་ཚུན་གྱི་བར་ན་ ངོས་ལེན་འབད་མ་བཏུབ་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ལན་གསལ་ཅིག་དགོཔ་སྦེ་ བློ་འདོད་བཀོད་ཡོདཔ་ཨིན་པས།

སོ་ནམ་ཞིང་ལམ་གྱིས་ གཡུས་མི་ཚུ་ལུ་ ཚོང་འབྲེལ་གྱི་ཕན་ཁྱད།

༢༢/༡༢/༢༠༡༢   ༉ སེར་ཐི་དང་ ལའུ་རི་རྒེད་འོག་གི་གཡུས་མི་ཚུ་གིས་ ཁྱིམ་ནང་གི་ཁག་ཆེ་བའི་མཁོ་ཆས་ཚུ་ཉོ་བར་ ཇོ་མོ་ཚང་ཁ་ལུ་མ་སོང་པར་ཟླཝ་༤ ལྷགཔ་ཅི་སོང་ཡོད་མི་དེ་ཡང་ ཁོང་རའི་གཡུས་སྒོའི་ཉེ་འདབས་ལུ་ ཚོང་ཁང་གསརཔ་གཞི་བཙུགས་འབད་ནི་དེ་གིས་ཨིན་པས།
ལའུ་རི་ལུ་ ཚོང་ཁང་གསརཔ་གཞི་བཙུགས་འབད་མི་ཚོང་ཁང་།

སློབ་ཕྲུག་ན་གཞོན་༧༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ།

༢༢/༡༢/༢༠༡༢   ༉ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ རྒྱལ་ཁབ་མཐའ་དབུས་མེད་པར་ འགོ་བཙུགས་མི་ ཁྲིམས་སྲུང་དང་ན་གཞོན་མཉམ་འབྲེལ་ལས་རིམ་ ཐེངས་༨ པའི་ནང་ སློབ་ཕྲུག་༧༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཀྲོང་གསར་ལུ་ བུཚ་༡༤ དང་ བུམོ་༡༦ གིས་ རས་བྱང་འབག་སྟེ་ ལམ་འགྲུལ་ཐོག་ལས་ ཁྲིམས་སྲུང་དང་ན་གཞོན་མཉམ་འབྲེལ་ལས་རིམ་ འགོ་བཙུགས་པའི་བསྒང་།

གྱིབ་ཀྱི་རྩྭ་གདན་ཐང་ནང་ ཕུཊ་བཱོལ་རྩེད་འགྲན་འབད་དགོ་པ་ཅིན་ འཐུས་སྤྲོད་དགོཔ།

༢༢/༡༢/༢༠༡༢   ༉ ཐིམ་ཕུ་ལྕང་གླིང་མི་ཐང་གི་ གྱིབ་ཀྱི་རྩྭ་གདན་ཐང་ནང་ ཕུཊ་བཱོལ་རྩེད་འགྲན་འབད་ནི་ལུ་ སྤྲོ་བ་ཡོད་མི་ཚུ་གིས་ ད་ལས་ཕར་ འཐུས་སྤྲོད་དགོ་ནི་ཨིན་པས།
དེ་ཡང་ བདུན་ཕྲག་སྐབས་ དྲོ་པའི་ཆུ་ཚོད་༡༠ ལས་༡༢ ཚུན་ འཐུས་དངུལ་ཀྲམ་༢,༠༠༠ དང་ ཉིན་མའི་ཆུ་ཚོད་༡༢ ལས་༥ ཚུན་ དངུལ་ཀྲམ་༢,༥༠༠ དེ་ལས་ ཕྱི་རུའི་ཆུ་ཚོད་༥ ལས་༩ ཚུན་ དངུལ་ཀྲམ་༣,༥༠༠ སྤྲོད་དགོཔ་ཨིན་པས།


གནས་ཚུལ་མདོར་བསྡུས།

༢༢/༡༢/༢༠༡༢
ཁ་ཙ་ཉིན་མར་ ཐིམ་ཕུ་ལས་འགྱོ་མི་ འཁོར་ལོ་འགྲུལ་སྐྱེལ་བཱསི་དེ་ ཕུན་ཚོགས་གླིང་རྩེད་རིགས་ཚོགས་པའི་ གདོང་ཕྱོགས་ལུ་ལྷོདཔ་ད་ བཀག་འཕྲུལ་ལཱ་འབད་མ་བཏུབ་པར་ ཐུག་རྐྱེན་ཆུང་ཀུ་ཅིག་ བྱུང་ཡོདཔ་ཨིན་རུང་ ལམ་འགྲུལཔ་ཚུ་ གནོད་སྐྱོན་ག་ནི་ཡང་མེད་པར་ ཕྱི་ཁར་བཏོན་ཚུགས་ཡོད་པའི་གནས་ཚུལ།

སོ་ནམ་ཞིང་ལམ་ལུ་བརྟེན་ རྟ་དང་དྲེལ་ཚུ་གི་ ལག་ལེན་མར་བབས།

༢༢/༡༢/༢༠༡༢   ༉ ཧེ་མ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ མཐའ་ཟུར་གཡུས་ཚན་ཚུ་ནང་ སོ་ནམ་ཐོན་སྐྱེད་དང་ གཞན་གཞི་རྟེན་མཁོ་ཆས་ཚུ་ ཁྲོམ་ཁ་ལས་ གཡུས་ཁ་དང་ གཡུས་ཁ་ལས་ ཁྲོམ་ཁར་ཚུན་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ རྟ་དང་དྲེལ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
རྟ་དང་དྲེལ་ཚུ་གུ་ ཚལ་ལུ་སྐྱེལ་འདྲེན་འབད་ནིའི་དོན་ལུ་ སྒུག་སྡོད་པའི་བསྒང་།

བཟའ་འཐུང་འཛིན་སྐྱོང་འཐབ་ཐངས།

༢༢/༡༢/༢༠༡༢   ༉ ཐིམ་ཕུ་རྟ་རྦབ་ འབྲུག་རྒྱལ་སྤྱི་མགྲོན་སྐྱོང་ཁང་དང་ ལྟ་བཤལ་སློབ་སྦྱོང་སྤེལ་ཁང་གིས་ མཉམ་འབྲེལ་ཐོག་ལས་ རྒྱལ་ཁབ་ནང་ ཤེས་ཡོན་མ་ལྷབ་མི་ཚུའི་དོན་ལུ་དམིགས་ཏེ་ གནམ་དགུན་གྱི་ བཟའ་འཐུང་འཛིན་སྐྱོང་གི་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་དོ་ཡོད་མིའི་ནང་ ན་གཞོན་དང་ རྒན་ཤོས་བཅས་ མི་གྲངས་༡༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

དབང་ཆེན་གནང་སར་ སྣུམ་འཁོར་ཐོག་ལས་ དངུལ་འབྲེལ་ཞབས་ཏོག།

༢༢/༡༢/༢༠༡༢   ༉ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་གནང་ས་ལུ་ འབྲུག་དངུལ་ཁང་གིས་ ཏི་རུ་བཏོན་ནིའི་ ཨེ་ཊི་ཨེམ་འཕྲུལ་ཆས་དང་ ཏི་རུ་བཙུགས་ནིའི་ཞབས་ཏོག་ཚུ་ འགོ་བཙུགས་མི་ལུ་བརྟེན་ དབང་ཞུ་མི་ཚུ་གིས་ དངུལ་འབྲེལ་གྱི་ཞབས་ཏོག་ཚུ་ སྟབས་བདེ་ཏོག་ཏོ་སྦེ་ སྤྱོད་ཚུགས་དོ་ཡོདཔ་ཨིན་པས།
སྤུ་ན་ཁ་ལུ་ དབང་ཞུ་མི་ཚུ་གིས་ ཏི་རུ་བཙུགས་བཏོན་གྱི་ ཞབས་ཏོག་སྤྱོད་པའི་བསྒང་།

གནས་ཚུལ་མདོར་བསྡུས།

༢༡/༡༢/༢༠༡༢
ཁ་ཙ་ སྤུ་ན་ཁ་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ལུང་དབུ་འཛུགས་མ་གནང་པའི་ཧེ་མར་ མར་ཆང་གི་རྟེན་འབྲེལ་ནང་ གཞུང་དགེ་འདུན་གྲྭ་ཚང་གི་ སློབ་དཔོན་༥ པོ་དང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ དབུ་གཙོས་པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་གནང་པའི་བསྒང་།
 

ཚོགས་དཔོན་གྱིས་ ཁོ་ལུ་ འཛོལ་བ་མེད་པའི་ བདེན་ཁུངས་བཟང་ཡོདཔ།

༢༡/༡༢/༢༠༡༢   དེ་ལས་ ཚོགས་དཔོན་གྱི་བརྒལ་ལན་ སྤྱི་ཟླ་༡ པའི་ཚེས་༧ ལུ་ ཕུལ་ནི་དང་ སྤྱི་ཟླ་༡༢ ཕའི་ཚེས་༣༡ ལུ་ ནང་སྲིད་བློན་པོའི་ ཐོག་མའི་བརྗོད་དོན་གྱི་སྙན་གསན་མཛད་ནི།
༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱིས་ མོང་སྒར་ཁྲིམས་འདུན་ལུ་ རྒྱལ་པོའི་ཞིང་གི་ཁྲོམ་ས་བགོ་བཀྲམ་འབདཝ་ད་ མི་དབང་རྒྱལ་པོའི་བཀའ་ཤོག་དང་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་ཚུ་ལུ་ གཞི་བཞག་ཡོདཔ་ལས་ ཁྲིམས་ལུགས་ལས་ འགལ་འགལཝ་མེད་ཟེར་ཞུ་ཡི།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ཁྲིམས་འདུན་ལུ་ ཐོག་མའི་ངག་བརྗོད་ ཕུལ་བའི་ཤུལ་ལུ་
ཕྱི་ཁར་བྱོན་པའི་བསྒང་།

དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་ཆེན་ འགོ་བཙུགས་ཡོདཔ།

༢༡/༡༢/༢༠༡༢    ༉ ཁ་ཙ་ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་ཆེན་ འགོ་བཙུགས་མི་དེ་ནང་ རྫོང་ཁག་སོ་སོ་ལས་ དད་མོས་ཅན་༥༠,༠༠༠ ལྷགཔ་ཅིག་ འཛོམས་ཡོད་མི་དེ་ཡང་ ཤོང་ཚད་མི་སྟོང་ཕྲག་༥༠ ལྷགཔ་ཅིག་ཡོད་མི་ དབང་ཁང་ལྟེམ་ལྟེ་སྦེ་ གང་ཡོད་མི་ལས་ གསལ་སྟོན་འབདཝ་ཨིན་པས།

འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་གསརཔ་གིས་ མི་དབང་མཆོག་ལུ་ངོ་སྤྲོད་ཡིག་ཆ་ཕུལ་ཡོདཔ།

༢༡/༡༢/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་གསརཔ་ ཏ་ཀི་ཤི་ ཡཱ་གི་གིས་ ཁོ་རའི་ ངོ་སྤྲོད་ཡིག་ཆ་ཚུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ གཞུང་ཚབ་ཏ་ཀི་ཤི་ ཡཱ་གི་གིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ ཕྱི་འབྲེལ་དྲུང་ཆེན་ དྲགོས་ཡེ་ཤེས་རྡོ་རྗེ་དང་གཅིག་ཁར་ མཇལ་ཕྲད་གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།

ཇ་པཱན་གྱི་གཞུང་ཚབ་གསརཔ་ ཏ་ཀི་ཤི་ ཡཱ་གི།

ཚོགས་སྡེའི་འཐུས་མི་ སྲིད་དོན་ནང་འབྲེལ་གཏོགས་འབད་ནི་ལུ་ དགོངས་ཞུ་འབད་དགོ་ནི།

༢༡/༡༢/༢༠༡༢   ༉ འབྲུག་གི་ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་ ལོག་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་གོ་སྐབས་དེ་ ད་ཚུན་ལུ་ཁ་གསལ་མེད་པར་ གཏན་འཁེལ་འགྱོ་མ་ཚུགསཔ་མ་ཚད་ ལ་ལུ་ཅིག་གིས་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ སྲིད་ཚོགས་ཀྱི་འདེམས་ངོ་སྦེ་ བཅའ་མར་གཏོགས་ནིའི་གོ་སྐབས་ལེན་ནིའི་ དང་འདོད་བསྐྱེད་མི་ཡང་ ཡོདཔ་ཨིན་པས།

འབྲུག་གི་ཚོང་དང་ བཟོ་གྲྭ་ཚོགས་སྡེ་ལུ་ གཙོ་འཛིན་གསརཔ།

༢༡/༡༢/༢༠༡༢   དེ་ཡང་ ཁོ་གིས་ ཚོགས་སྡེ་དང་ ལས་ཚོགས་ཚུ་གི་བར་ན་ འབྲེལ་བ་ལེགས་ཤོམ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཟེར་ སླབ་ཨིན་པས།
༉ ད་རེས་ནངས་པ་ འབྲུག་གི་ཚོང་དང་ བཟོ་གྲྭ་ཚོགས་སྡེའི་འོག་ལུ་ ལས་ཚོགས་༡༡ ཡོད་རུང་ དེ་ཚུ་གིས་ ཚོགས་སྡེ་དང་ འབྲེལ་བ་ལེགས་ཤོམ་མི་འཐབ་དོ་ཡོདཔ་ལས་ ད་ལས་ཕར་ འབྲེལ་བ་ལེགས་ཤོམ་བཟོ་ཐོག་ལས་ ཚོགས་སྡེ་དེ་ རྩ་བརྟན་བཟོ་ནི་ཨིན་ཟེར་ ཁ་ཙ་ བཙག་འཐུ་གྲུབ་མི་ ཚོགས་སྡེའི་གཙོ་འཛིན་གསརཔ་ སེངྒེ་ཚོང་ལས་སྡེ་ཚན་གྱི་ཁྲི་འཛིན་ ཨོ་རྒྱན་ཚེ་ཁྱབ་རྡོ་རྗེ་གིས་ བཤད་ཅི།

འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་གསརཔ་ ཨོ་རྒྱན་ཚེ་ཁྱབ་ཀྱིས་ གསལ་བཤད་འབད་བའི་བསྒང་།

སློབ་དཔོན་ ཁ་ཙ་ཕྱི་རུ་ ལོག་ལྷོད་ཡོདཔ།

༢༡/༡༢/༢༠༡༢   ༉ སྤྱི་ཟླ་༡༢ པའི་ཚེས་༡༨ ལུ་ ཀྲོང་གསར་སྟངས་སི་སྦྱིས་རྒེད་འོག་ ཅན་གདན་སྦྱིས་སློབ་གྲྭ་ཆུང་བའི་ དབུ་འཛིན་ངོ་ཚབ་དེ་ གར་སོང་མེད་པར་ བྱང་སྟོར་ཤོར་བའི་ཤུལ་ལུ་ ཁ་ཙ་ཕྱི་རུ་ སློབ་གྲྭའི་ཉེན་སྲུང་པའི་ ཁྱིམ་ནང་ ལྷོད་ཡོདཔ་ཨིན་པས།
ཁ་ཙ་ ཉེ་འདབས་ཀྱི་ གཡུས་ཚན་ལས་ མི་༢༠༠ ལྷགཔ་ཅིག་གིས་ ཅན་གདན་སྦྱིས་ཀྱི་ རོང་ཆུ་བདའ་སྟེ་ འཚོལ་ཡོདཔ་མ་ཚད་ གཡུས་ཁའི་དཔའ་བོ་ཅིག་ཡང་འབོ་སྟེ་ མོ་བཏབ་རྩིས་བཏབ་འབད་རུང་ འཚོལ་མ་ཐོབ་པས།


གནས་ཚུལ་མདོར་བསྡུས།

༢༠/༡༢/༢༠༡༢
ཨ་རྟག་འབད་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ སྤུ་ན་ཁ་ལྕང་གཡུས་ཀྱི་ ཨ་རིང་ཚུ་ནང་ ཚོད་བསྲེའི་རིགས་ཚུ་ ཧོ་དུང་དུ་སྦེ་ མཐོང་གསལ་བྱུངམ་ཨིན་རུང་ དུས་ཅི་ ལྕགས་ཤོག་དང་ ཆུ་ཤོག་ཧོནམོ་ཚུ་གིས་གང་བའི་ གཞིས་ཆགས་བཟུམ་ཅིག་ལུ་ གྱུར་ཡོད་པའི་མཐོང་སྣང་།