གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ མར་མི་དྭགས་གསུམ་དང་ ཞབས་དྲུང་དག་སྣང་མའི་ བཀའ་དབང་གནང་ནི།

༢༦/༡༢/༢༠༡༢   སྤྱི་ཟླ་༡༢ པའི་ཚེས་༢༠ ལས་ འགོ་བཙུགས་མི་ བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་ལས་རིམ་དེ་ སྤྱི་ལོ་༢༠༡༣ ཟླཝ་༡ པའི་ཚེས་༡༠ ལུ་ འགྲོལ་གནང་ནི་ཨིན་པས།
༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤུ་ན་ཁ་ ཐང་བཟང་ནང་སྦེ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་གནངམ་དང་འབྲེལ་ ཉིན་གྲངས་༤ གི་རིང་ གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ དབང་ལུང་གནང་མི་དེ་ ཁ་ཙ་ གྲོལ་ཡོདཔ་བཞིན་དུ་ ད་རིས་ མར་མི་དྭགས་གསུམ་དང་ འགྲོ་མགོན་གཙང་པ་རྒྱ་རས་ ཞབས་དྲུང་དག་སྣང་མའི་ བཀའ་དབང་གནང་ནི་ཨིན་པས།
སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།


འདས་པའི་ཉིན་གྲངས་༤ གི་རིང་ལུ་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ ཞལ་སློབ་ཨིན་མི་ གྲུབ་ཐོབ་༨༤ གི་ རྟོགས་བརྗོད་རེ་རེ་བཞིན་དུ་ གསལ་བཤད་དང་བཅས་ བཀའ་དབང་གནང་ཡི།
མདོ་སྡེ་བྲག་བཤད་གྲྭའི་དབུ་འཛིན་ ཀུན་ལེགས་བསྟན་འཛིན་གྱིས་ སླབ་མིའི་ནང་ གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ བཀའ་དབང་ཞུ་བའི ཕན་ཡོན་དེ་ དམ་པ་གསུམ་གྱིས་ རྩིས་འཛིན་པ་ཅིན་ གྲུབ་ཐོབ་༨༤ ཞལ་དངོས་སུ་མཇལ་ཚུགས་པའི་ནུས་པ་དང་ ཁོང་གི་རྒྱུད་ལུ་ཡོད་པའི་ ཡོན་ཏན་དང་ ནུས་སྟོབས་ཐོབ་ནིའི་ གོ་སྐབས་ཡོད་མི་གིས་མ་ཚད་པར་ སངས་རྒྱས་ཚུགས་པའི་ གོ་སྐབས་ཡང་ཡོད་ཟེར་ཨིན་པས།
དེ་བཟུམ་གྱི་ ཕན་ཡོན་འདི་ དམ་པ་གསུམ་གྱིས་ རྩིས་འཛིན་མ་ཚུགས་པའི་ འཇིག་རྟེན་ཕལ་པ་ཚུ་གིས་ཡང་ ཐོབ་ཚུགས་པའི་ གོ་སྐབས་ཡོད་མི་དེ་ཡང་ ཆོས་ཀྱི་རྩ་བ་ དད་པ་དང་ མོས་གུས་ཨིནམ་ལས་ དད་མོས་དཔག་ཏུ་མེད་པ་བསྐྱེད་པ་ཅིན་ སངས་རྒྱས་ཚུགས་ཟེར་ མདོ་སྡེ་བྲག་བཤད་གྲྭའི་དབུ་འཛིན་གྱིས་ སླབ་ཨིན་པས།
དམ་པ་གསུམ་ཟེར་མི་དེ་ སྦྱོར་བ་སེམས་བསྐྱེད་ཀྱི་ དམ་པ་ཟེར་ ཆོས་འགོ་བཙུགས་པའི་སྐབས་ བྱང་ཆུབ་ཀྱི་སེམས་ཟེར་ སེམས་བསྐྱེད་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ལུ་ ཕན་སེམས་བསྐྱེད་དགོ་པའི་ཁར་ དངོས་གཞི་དམིགས་པ་མེད་པའི་ དམ་པའི་སྐབས་ལུ་ སེམས་དེ་སྟོང་ཉིད་ཀྱི་ངང་ལུ་ གནས་དགོཔ་ཨིན་པས།
དེ་ལས་ མཇུག་བསྔོ་བའི་ དམ་པ་གི་སྐབས་ལུ་ ཆོས་ཞུ་མིའི་ དགེ་བའི་རྩ་བ་ག་ར་ སེམས་ཅན་གྱི་དོན་ལུ་ བསྔོ་དགོ་ནི་ཨིན་རུང་ ཆོས་སྒོར་ལུ་ མ་ཞུགས་མི་ འཇིག་རྟེན་པ་ཚུ་གི་ཐད་ལུ་ དད་མོས་ཀྱི་ཐོག་ལས་ ཆོས་ཞུ་བ་ཅིན་ བྱིན་རླབས་ལུ་ ཁྱད་པར་མེདཔ་ཨིན་པས།
མ་གཞི་ དེ་བཟུམ་མའི་ བཀའ་དབང་དེ་ བཀའ་ཟབ་མོ་ཨིནམ་ལས་ དབང་ཞུ་བའི་སྐབས་ དམ་ཚིག་ལེགས་ཤོམ་སྲུང་དགོཔ་ཁག་ཆེ་ནི་ཨིན་རུང་ དམ་ཚིག་སྲུང་མ་ཤེས་པ་ཅིན་ བཀའ་དབང་གནང་མི་ལུ་ ལོག་ལྟ་བསྐྱེད་ནི་མི་འོང་ཟེར་ཨིནམ་ད་ གལ་སྲིད་ ལོག་ལྟ་བསྐྱེད་པ་ཅིན་ དམྱལ་བ་ལུ་འགྱོ་ནི་ ཐེ་ཚོམ་མེདཔ་ཨིན་པས།
གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ནང་ ཆོས་འབད་ཚུགས་པ་ཅིན་ ཚེ་གཅིག་ལུས་གཅིག་ལུ་ར་ སངས་རྒྱས་ཚུགས་ནི་ཨིན་རུང་ དེ་གི་ཉེན་ཁ་དེ་ཡང་ དམ་ཚིག་སྲུང་མ་ཤེས་པ་ཅིན་ འགྱོ་ས་དམྱལ་བའི་ནང་ཨིནམ་ལས་ ཆོས་ཞུ་མི་ཚུ་གིས་ དམ་ཚིག་དེ་ ལེགས་ཤོམ་སྦེ་ སྲུང་དགོཔ་ཨིན་པས།
ད་རེས་ནངས་པ་ སྤུ་ན་ཁ་ལུ་ ཆོས་ཞུ་མི་ སྤྲུལ་སྐུ་༤༠ དེ་ཅིག་དང་ བླ་སློབ་དང་ དགེ་སློང་ ཨ་ནེམ་ཞལ་གྲངས་༥,༠༠༠ སྤུངས་འཛོམས་འབད་མི་ མ་རྩིས་བར་ རྒྱལ་ཁབ་ནང་འཁོད་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠༠,༠༠༠ ལྷགཔ་ཅིག་ཡོད་པའི་ཁར་ རྒྱ་གར་དང་ ནེ་པཱལ་ཚུ་ལས་ དགེ་སློང་༤༠༠ དེ་ཅིག་ཡོདཔ་ཨིན་པས།
དབང་ཆེན་གྱི་སྐབས་ལུ་ སྐུ་གསུང་ཐུགས་རྟེན་མཎ་ཌལ་ཕུལ་མི་ ལེ་ཤ་ཐོན་བཞིན་དུ་ཡོད་པའི་ཁར་ དམངས་ཇ་དྲང་མི་ཡང་ མང་རབས་ཅིག་ འཐོན་དོ་ཡོདཔ་ཨིན་པས།
དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ཚོགས་ཆུང་གི་ ཡོངས་ཁྱབ་དྲུང་ཆེན་ འཕྲིན་ལེགས་ཐོགས་མེད་ཀྱིས་ སླབ་མིའི་ནང་ མ་གཞི་དམངས་ཇ་དྲང་པའི་སྐབས་ དངུལ་ཀྲམ་༢༥༠,༠༠༠ དང་༣༠༠,༠༠༠ གི་བར་ན་ གནསཔ་ཨིན་རུང་ དད་ཅན་ཚུ་གིས་ དྲང་མི་ཐོན་པ་ཅིན་ མ་དངུལ་དངུལ་ཀྲམ་༥༠,༠༠༠ གི་ཐོག་ལས་ དྲང་བཅུག་དོ་ཡོདཔ་ལས་ ལྷག་ལུས་དེ་ ཚོགས་ཆུང་གིས་ བྱིན་དོ་ཟེར་ཨིན་པས།

བཀའ་དབང་གི་ལས་རིམ།
ནངས་པ་ རྩ་བའི་བླམ་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ བདེ་མཆོག་དྲུག་ཅུ་མའི་ སྟ་གོན་དང་ སྤྱི་ཟླ་༡༢ པའི་ཚེས་༢༧ ལུ་ བདེ་མཆོག་དྲུག་ཅུ་མའི་ བཀའ་དབང་དངོས་གཞི་ ཚེས་༢༨ ལུ་ བདེ་མཆོག་བཅུ་གསུམ་མའི་བཀའ་དབང་ ཚེས་༢༩ ལུ་ བདེ་མཆོག་དྲིལ་བུ་ལྷ་ལྔའི་བཀའ་དབང་ ཚེས་༣༠ ལུ་ བདེ་མཆོག་ལྷན་སྐྱེས་དང་ ཕག་མོའི་བཀའ་དབང་གནང་ནི་ཨིན་པས།
དེ་ལས་ སྤྱི་ཟླ་༡༢ པའི་ཚེས་༣༡ ལུ་ མི་འཁྲུགས་པའི་སྟ་གོན་དང་ དངོས་གཞིའི་བཀའ་དབང་གནང་ནི་ཨིནམ་མ་ཚད་ སྤྱི་ལོ་༢༠༡༣ ཟླཝ་༡ པའི་ཚེས་༡ ལུ་ འཇམ་དཀའ་དང་ སྤྱན་རས་གཟིགས་ཀྱི་བཀའ་དབང་ ཚེས་༢ ལུ་ གནས་བརྟན་བཅུ་དྲུག་དང་ སངས་རྒྱས་རབ་བདུན་ སྨན་བླའི་བཀའ་དབང་ ཚེས་༣ ལུ་ ཁྱད་པར་ལྷ་གསུམ་གྱི་བཀའ་དབང་ ཚེས་༤ ལུ་ རྟ་ཕྱག་ཁྱུང་གསུམ་གྱི་བཀའ་དབང་ ཚེས་༥ ལུ་ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ བཀའ་དབང་གནང་ནི་ཨིན་པས།
ད་རུང་ སྤྱི་ཟླ་༡ པའི་ཚེས་༦ ལུ་ དྲག་དམར་ཀཱི་ལ་ཡ་དང་ དགོངས་འདུས་ཚེས་བཅུའི་གཏོར་དབང་གནང་ནི་དང་ ཚེས་༧ ལུ་ མྱང་ལུགས་དྲག་པོ་དམར་ཆེན་གྱི་ བཀའ་དབང་དང་ ཚེས་༨ ལུ་ ཚེ་དཔག་མེད་ཀྱི་ བཀའ་དབང་ཚུ་གནང་སྟེ་ ཚེས་༡༠ ལུ་ དབང་ཆེན་ལས་རིམ་དེ་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment