གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་ཞིང་ལམ་ལུ་བརྟེན་ རྟ་དང་དྲེལ་ཚུ་གི་ ལག་ལེན་མར་བབས།

༢༢/༡༢/༢༠༡༢   ༉ ཧེ་མ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ མཐའ་ཟུར་གཡུས་ཚན་ཚུ་ནང་ སོ་ནམ་ཐོན་སྐྱེད་དང་ གཞན་གཞི་རྟེན་མཁོ་ཆས་ཚུ་ ཁྲོམ་ཁ་ལས་ གཡུས་ཁ་དང་ གཡུས་ཁ་ལས་ ཁྲོམ་ཁར་ཚུན་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ རྟ་དང་དྲེལ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
རྟ་དང་དྲེལ་ཚུ་གུ་ ཚལ་ལུ་སྐྱེལ་འདྲེན་འབད་ནིའི་དོན་ལུ་ སྒུག་སྡོད་པའི་བསྒང་།


དེ་འབདཝ་ད་ ད་ལྟོ་འབད་བའི་བསྒང་ལས་ ཤར་ཕྱོགས་རྫོང་ཁག་ པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་གྱི་ མི་སེར་སོ་ནམ་པ་ཚུ་གིས་ གཡུས་ཁ་ལུ་ སོ་ནམ་ཞིང་ལམ་བཏོན་མི་ལུ་བརྟེན་ཏེ་ རྟ་དང་དྲེལ་ཚུ་ལུ་ ལཱ་སྦོམ་ཅིག་མིན་འདུག་ཟེར་ བཙོང་ནི་གི་ དཔའ་བཅམ་དོ་ཡོདཔ་ཨིན་པས།
ཧེ་མ་ ངང་ལམ་གྱི་ ཁྱིམ་གུང་པ་རེ་ལུ་ རྟ་༣ དང་༤ མེད་མི་ ག་ཡང་མེདཔ་ད་ ཁོང་གིས་ རྟ་དང་དྲེལ་ཚུ་ ལག་ལེན་འཐབ་ཐོག་ལས་ གཡུས་ཁ་ལས་ དངུལ་ཐོག་ཚལ་ལུ་དང་ ས་སྒ་ཚུ་ ཁྲོམ་ཁར་སྐྱེལ་འདྲེན་འབད་བཅུག་དོ་ཡོདཔ་མ་ཚད་ ཁྲོམ་ཁ་ལས་ ཆུམ་དང་ མར་ཁུ་ གཞི་རྟེན་མཁོ་ཆས་གཞན་ཚུ་ གཡུས་ཁར་ བསྐྱལ་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
བདེ་ཆེན་གླིང་རྒེད་འོག་ལས་ སོ་ནམ་པ་ བསོད་ནམས་ཆོས་སྒྲོན་ལུ་ ན་ཧིང་ དྲེལ་༤ ཡོད་ས་ལས་ མོ་གིས་ ཟླཝ་༣ གི་ཧེ་མར་ དྲེལ་༢ བཙོང་ཡོདཔ་ད་ དྲེལ་རེ་ལུ་ གོང་ཚད་དངུལ་ཀྲམ་༣༥,༠༠༠ རེ་སྦེ་ བཙོང་ཡོདཔ་ཨིན་པས།
ད་ལྟོ་ མོ་ལུ་ ལྷག་ལུས་དྲེལ་༢ ཡོད་མི་དེ་ཡང་ བཙོང་ནིའི་དོན་ལུ་ ཉོ་མི་འཚོལ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༣༥ ལང་མི་ བསོད་ནམས་ཆོས་སྒྲོན་གྱིས་འབད་བ་ཅིན་ ཧེ་མ་ གཡུས་ཁ་ལུ་ སོ་ནམ་ཞིང་ལམ་མེད་པའི་སྐབས་ རྟ་དང་དྲེལ་ཚུ་ མེད་ཐབས་མེདཔ་ཅིག་ཨིན་རུང་ སོ་ནམ་ཞིང་ལམ་ཚུ་ ཁྱིམ་གྱི་སྦོ་ལོགས་ཁར་ལྷོད་པའི་བསྒང་ལས་ རྟ་དང་དྲེལ་ཚུ་ ལཱ་རང་མིན་འདུག་ཟེར་ ཨིན་པས།
མོ་གིས་འབད་བ་ཅིན་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆརཔ་རྐྱབ་པའི་སྐབས་ འཕྲལ་འཕྲལ་སྦེ་ར་ འཁོར་ལམ་ཚུ་བསུབ་ད་ རྟ་དང་དྲེལ་ཚུ་གིས་ དུམ་གྲ་རེ་ ཕན་ཐོགསཔ་མ་གཏོགས་ དེ་མིན་ རྟ་དང་དྲེལ་ཚུ་ གསོ་སྐྱོང་འཐབ་ནི་དེ་ཡང་ ཁུངས་མེདཔ་བཟུམ་ཅིག་ ཚོརཝ་མས་ཟེར་ཨིན་པས།
ད་རུང་ སོ་ནམ་པ་ པདྨ་ཚེ་དབང་གིས་ བཤད་མི་དང་འཁྲིལཝ་ད་ ཧེ་མ་འབད་བ་ཅིན་ གནམ་དགུན་གྱི་དུས་ཚོད་ལུ་ ཚལ་ལུ་ཚུ་ འཁོར་ལམ་ཐལ་ས་ཚུན་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ རྟ་དང་དྲེལ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ད་ལྟོ་འབད་བའི་བསྒང་ལས་ སོ་ནམ་ཞིང་ལམ་ རང་གི་ཁྱིམ་གྱི་སྦོ་ལོགས་ཁར་ ལྷོད་མི་ལུ་བརྟེན་ རྟ་༡༠༠ གི་ ཚལ་ལུའི་དོས་ཚུ་ སྣུམ་འཁོར་ཊཱག་༡ གིས་ འབག་འགྱོ་དོ་ཡོདཔ་ལས་ རྟ་དང་དྲེལ་ཚུ་ དགོས་མཁོ་སྦོམ་ཅིག་ མིན་འདུག་ཟེར་ཨིན་པས།
ཧེ་མ་ འཁོར་ལམ་མེད་པའི་སྐབས་ལུ་འབད་བ་ཅིན་ གཡུས་མི་ཚུ་གི་དོན་ལུ་ འཚོ་བ་མཐུན་རྐྱེན་ཚུ་ རྟ་དང་དྲེལ་ཚུ་ ལག་ལེན་འཐབ་དགོཔ་ གལ་ཆེ་ཟེར་ཨིན་པས།
ད་རེས་ནངས་པ་ རྒྱལ་ཁབ་ནང་འཁོད་ཀྱི་ མཐའ་ཟུར་གཡུས་ཚན་ མང་ཤོས་ཅིག་ནང་ སོ་ནམ་ཞིང་ལམ་ཚུ་ ལྷོད་ནི་དེ་གིས་ རྟ་དང་དྲེལ་ དེ་ལས་ བོང་ཀུ་ཚུ་གི་ གོང་ཚད་ཚུ་ཡང་ ལོ་གཅིག་བ་ལོ་གཅིག་ མར་འབབ་འགྱོ་དོ་ཡོདཔ་ཨིན་པས།
པདྨ་དགའ་ཚལ་གྱི་ སྒོ་ནོར་སེམས་ཅན་ཐོ་བཀོད་༢༠༡༡ ཅན་མ་དང་འཁྲིལཝ་ད་ བདེ་ཆེན་གླིང་རྒེད་འོག་ནང་ རྟ་དང་ བོང་ཀུ་ དེ་ལས་དྲེལ་ཚུ་བསྡོམས་ གྱངས་ཁ་༡,༤༦༩ ཡོད་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ ནོར་བུ་སྒང་རྒེད་འོག་ནང་༥༠༥ ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment