གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་དཔོན་གྱིས་ ཁོ་ལུ་ འཛོལ་བ་མེད་པའི་ བདེན་ཁུངས་བཟང་ཡོདཔ།

༢༡/༡༢/༢༠༡༢   དེ་ལས་ ཚོགས་དཔོན་གྱི་བརྒལ་ལན་ སྤྱི་ཟླ་༡ པའི་ཚེས་༧ ལུ་ ཕུལ་ནི་དང་ སྤྱི་ཟླ་༡༢ ཕའི་ཚེས་༣༡ ལུ་ ནང་སྲིད་བློན་པོའི་ ཐོག་མའི་བརྗོད་དོན་གྱི་སྙན་གསན་མཛད་ནི།
༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱིས་ མོང་སྒར་ཁྲིམས་འདུན་ལུ་ རྒྱལ་པོའི་ཞིང་གི་ཁྲོམ་ས་བགོ་བཀྲམ་འབདཝ་ད་ མི་དབང་རྒྱལ་པོའི་བཀའ་ཤོག་དང་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་ཚུ་ལུ་ གཞི་བཞག་ཡོདཔ་ལས་ ཁྲིམས་ལུགས་ལས་ འགལ་འགལཝ་མེད་ཟེར་ཞུ་ཡི།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ཁྲིམས་འདུན་ལུ་ ཐོག་མའི་ངག་བརྗོད་ ཕུལ་བའི་ཤུལ་ལུ་
ཕྱི་ཁར་བྱོན་པའི་བསྒང་།


དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཚོགས་དཔོན་དེ་ མོང་སྒར་ལུ་ རྒྱལཔོ་དང་ གཞུང་གི་ངོ་ཚབ་ རྫོང་བདག་སྦེ་ ཕྱག་ཞུ་བའི་སྐབས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་སྤྲོད་དང་འབྲེལ་བའི་ རྩོད་དོན་ནང་ ཁྲིམས་འགལ་གྱི་ ཉེས་འཛུགས་འབད་མིའི་ བཤེར་ལན་ལུ་ ཁ་ཙ་ ཐོག་མའི་བརྗོད་དོན་གྱི་ སྙན་གསན་སྐབས་ཞུ་ཡི།
ཚོགས་དཔོན་གྱིས་འབད་བ་ཅིན་ ཁྲོམ་ས་བགོ་བཀྲམ་དེ་ དེ་བསྒང་ མི་དབང་མངའ་བདག་རྒྱལ་པོའི་བཀའ་རྒྱ་ རྫོང་སྡེ་སྤྱི་ཁྱབ་ དྲགོས་འཇིགས་མེད་འཕྲིན་ལས་བརྒྱུད་དེ་ ས་ཆ་བགོ་བཀྲམ་གྱི་དབང་ཚད་ ས་གནས་ཀྱི་ རྫོང་བདག་ཚུ་ལུ་ གནང་མི་དང་ ཞབས་ཏོག་ལྷན་ཁག་ ཁྱིམ་བཟོ་ལས་ཁུངས་ཀྱི་ དྲུང་ཆེན་གྱིས་ ཁྲོམ་ཚོགས་གོང་འཕེལ་དང་ ཁྲོམ་ས་བགོ་བཀྲམ་གྱི་ ལམ་སྟོན་གནང་མི་དང་བསྟུན་འབད་ཡི་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁོ་ལུ་ དྲི་དཔྱད་འབད་བའི་སྐབས་ལུ་ཡང་ ཁོ་གིས་ མངའ་བདག་རྒྱལ་པོ་གིས་གནང་མི་ བཀའ་རྒྱའི་འདྲ་ཅིག་ ཞིབ་དཔྱད་འགོ་དཔོན་ཚུ་ལུ་སྤྲོད་དེ་ དྲི་དཔྱད་ཀྱི་ ལན་འདི་ཚུ་ སྦ་གསང་མེད་པར་ སླབ་པའི་ཤུལ་ལུ་ ལྷན་ཚོགས་ཀྱིས་ ཁྲིམས་ཀྱི་འདུན་སར་བསྐྱལ་ཐོག་ལས་ དགོངས་ཕོག་བཀའ་རྒྱ་བཏོན་མི་དེ་ དོན་དག་ག་ཅི་ཨིན་ན་ ཧ་གོ་མ་ཚུགས་ཟེར་ ཚོགས་དཔོན་གྱིས་ བཤེར་ལན་ནང་བཀོད་ནུག།
རྒྱལ་པོ་ཞིང་གི་ ཁྲོམ་ས་བགོ་བཀྲམ་འབད་བའི་སྐབས་ ཁོ་ར་ འབྲུག་མངའ་བདག་རྒྱལ་པོའི་སྐུ་ཚབ་ཟེར་ རྫོང་ཁག་བདག་སྐྱོང་གི་འགོ་ཁྲིདཔ་ རྫོང་བདག་ལུ་ འགན་ཁུར་དང་ དབང་ཚད་ཅིག་ཡོདཔ་ལས་ མི་སེར་གྱི་ མཐའ་དོན་ལུ་ རྒྱལ་པོའི་ཞིང་རྐྱངམ་གཅིག་མིན་པར་ མོང་སྒར་རྫོང་ཁག་ནང་གི་ཁྲོམ་ སྐྱིད་བདེ་མཁར་དང་ དགྲ་མེད་རྩེ་ ཡ་སྡི་ གླིང་མེད་ཐང་ སེང་སྒོར་ མོང་སྒར་ཁྲོམ་རྩིས་ཏེ་ ས་ཚན་༢༠༠ དེ་ཅིག་ བགོ་བཀྲམ་འབད་ཚུགས་མི་དེ་གིས་ མི་སེར་ཚུ་ལུ་ ཁེ་ཕན་ག་དེ་སྦེ་ར་ བྱུང་ཡོདཔ་ཨིན་ན་ ག་ར་གིས་ ཤེས་དགོཔ་ཁག་ཆེ་ཟེར་ཨིན་པས།
དེ་མ་ཚད་ ལཱ་ཚུ་ ལམ་ལུགས་དང་འཁྲིལ་ཏེ་ ཕྱག་ཞུ་ཞུཝ་མེད་པ་ཅིན་ ས་ཐོབ་མི་ཚུ་ལུ་ མི་དབང་མངའ་བདག་རྒྱལ་པོ་མཆོག་གིས་ ཤིང་གི་སྐྱིད་སྡུག་ཚུ་ཡང་ མ་གནངམ་འོང་ཟེར་ ཚོགས་དཔོན་གྱིས་ བདེན་ཁུངས་བཟང་ཡོདཔ་མ་ཚད་ ས་ཆ་དེ་ཡང་ མངའ་བདག་རྒྱལ་པོ་མཆོག་ལུ་ གཞུང་སྐྱོང་དབང་ཚད་ཧྲིལ་བུ་ཡོད་པའི་སྐབས་ སྤྲོད་ཡོདཔ་ལས་ དེ་བསྒང་ བཀའ་ཁྲེལ་དགོངས་ཁྲེལ་ཚུ་ ག་ནི་ཡང་མ་ཐོན་རུང་ ད་རེས་ རྩ་ཁྲིམས་ཅན་གྱི་ དམངས་གཙོའི་རྒྱལ་བརྒྱུད་སྐབས་ལུ་ དེ་བཟུམ་གྱི་ ཉོགས་བཤད་སློང་མི་དེ་ མ་རུང་པའི་ ལཱ་ཅིག་ཨིན་པའི་ཁར་ འདི་བཟུམ་མའི་ ཉོགས་བཤད་ལེ་ཤ་འཐོན་ནི་གི་ སྒོ་ཕྱེ་དོ་བཟུམ་ཅིག་ཡང་ཨིནམ་ལས་ མ་འོངས་པ་ལུ་ སྟབས་མ་བདེཝ་མི་ཐོན་ག་ཟེར་ཞུ་ཡི།
ཚོགས་དཔོན་གྱིས་ ཁྲོམ་ས་བགོ་བཀྲམ་འབད་དེ་ ལོ་༡༣ དེ་ཅིག་ སོང་ཡོདཔ་མ་ཚད་ ས་ཐོབ་མི་ཚུ་ལུ་ ལམ་ལུགས་དང་འཁྲིལ་ གཞུང་ལུ་ས་རིན་ཕུལ་ཏེ་ སྤྲོད་ཡོདཔ་ལས་ ཁོང་ལུ་ འཛོལ་བ་ག་ནི་ཡང་མེད་རུང་ ཁོང་ཆ་ཁྱབ་ ཁྲིམས་ཀྱི་འདུན་སར་བསྐྱལ་དགོཔ་འདུག་ག་ཟེར་ཞུ་ཡི།
དུས་ཅི་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་པོའི་ཞིང་ཁྲོམ་ས་བགོ་བཀྲམ་གྱི་ ཞིབ་དཔྱད་སྙན་ཞུ་ རྩོད་དཔོན་ཡོངས་ཁྱབ་ཀྱི་ ཡིག་ཚང་ནང་ བསྐྱལ་མི་དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཞིབ་དཔྱད་འབདཝ་ད་ གནད་དོན་དེ་ཚུ་ ཁྲིམས་མཐུན་མེདཔ་ལས་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་དགོཔ་མེདཔ་སྦེ་ བཀོད་མི་དེ་ལུ་ བདེན་པ་ཅིག་འདུག་ཟེར་ ཚོགས་དཔོན་གྱིས་ཞུ་ཡི།
གཞུང་གིས་ ཕྱག་ལཱ་མཛད་མི་དེ་ ལོ་ངོ་མང་རབས་ཅིག་གི་ཤུལ་ལས་ དེ་བཟུམ་མའི་ ཉོགས་བཤད་བཀོད་སྡོད་པ་ཅིན་ ད་ལས་ཕར་འབད་རུང་ གཞུང་གཡོགཔ་ཚུ་གིས་ གཞུང་དང་མི་སེར་གྱི་ མཐའ་དོན་ལུ་ འགན་ཁུར་དང་འགན་འཁྲི་ཚུ་ ག་དེ་སྦེ་འབག་འོང་ག་ དེ་ཚུ་ཡང་ ལེགས་ཤོམ་སྦེ་ ཐུགས་བཞེས་གནང་དགོ་ཟེར་ཨིན་པས།
ད་རུང་ ཚོགས་དཔོན་གྱིས་ ཞུ་མིའི་ནང་ ཉེས་འཛུགས་བཀོད་པའི་ ཤེར་ཡིག་དེ་ ཁྲིམས་མཐུན་མེད་པའི་ཁར་ ལོ་ངོ་མང་རབས་ཅིག་གི་ཧེ་མར་ གཞུང་གིས་ ཁྲོམ་ས་བགོ་བཀྲམ་གནང་ཚར་ཡོདཔ་ལས་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་ ཁྱབ་ཚད་འོག་ལུ་ཡང་ མི་འགབ་ནི་ཨིནམ་ལས་ གནད་དོན་དེ་ ཞིབ་དཔྱད་འབད་ནི་དང་ ཉེས་འཛུགས་བཀོད་ནི་དེ་ འོས་འབབ་ཅིག་ རྩ་ལས་ར་ མི་མཐོང་ནས་ཟེར་ཨིན་པས།
དེ་མ་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ནི་དང་ རྩོད་བཤེར་ཁྲིམས་ཀྱི་འདུན་སར་ བསྐྱལ་མི་དེ་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་ ཁྱབ་ཚད་འོག་ལུ་ མ་བསྡུཝ་ལས་ དེ་ཚུ་ ཁྲིམས་མཐུན་ཡོད་ག་མེད་ག་ ཁྲིམས་ཀྱི་འདུན་ས་ལས་ དབྱེ་ཞིབ་དཔྱད་དེ་ གཞུང་དང་གཙུག་སྡེ་༢ ལུ་ བརྡབ་གསིག་མི་འབྱུང་ནི་གི་ ཐབས་ཤེས་ལུ་དམིགས་ཏེ་ ཉེས་འཛུགས་བཤེར་ཡིག་དེ་ ཆ་མེད་བཏང་དགོཔ་འདུག་ཟེར་ཞུ་ཡི།
ས་ཆ་ལས་བརྟེན་པའི་ ཉོགས་བཤད་ཚུ་ ཧེ་མ་ར་ རྒྱལ་ཡོངས་ས་ཆའི་ལྷན་ཚོགས་ལུ་ ཕུལ་དགོཔ་ལས་ ལྷན་ཚོགས་ཀྱིས་ ཐག་བཅད་མ་ཚུགས་པ་ཅིན་རྐྱངམ་གཅིག་ ཁྲིམས་ཀྱི་འདུན་སར་ཕུལ་ཏེ་ བསལ་ནི་གི་ ལམ་ལུགས་ཡོད་ཟེར་ ཚོགས་དཔོན་གྱིས་ཞུ་ཡི།
ཁོ་གིས་འབད་བ་ཅིན་ བཙག་འཐུ་ལས་གྲུབ་པའི་ ཚོགས་དཔོན་འབད་བའི་མཐའ་མར་ མི་དཀར་ལུ་ ཞྭ་ནག་སྤུབས་ཏེ་ མིང་གཏམ་ལུ་ ཐོ་སྦོམ་སྦེ་ར་ བཀལ་ཡི་ཟེར་ཨིནམ་ད་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༧ པ་དང་༢༩ པའི་ དགོངས་དོན་ཚུ་དང་འཁྲིལཝ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གནད་དོན་དེ་གུ་ ཞིབ་དཔྱད་འབད་ནི་དང་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་བཙུགས་ནི་གི་ འོས་འབབ་མེད་མི་དེ་ཡང་ གཙུག་སྡེ་ཚུ་གི་བར་ན་ འགན་ཁུར་དང་ དབང་ཚད་ཐ་དད་ཀྱི་ ལམ་ལུགས་ལུ་གནོད་ཉེན་ཡོདཔ་མ་ཚད་ གཙུག་སྡེ་གང་རུང་ཅིག་ལུ་ ཚད་མེད་ཀྱི་ དབང་ཚད་སྤྲོད་པ་ཅིན་ འདྲ་མཉམ་དང་ དྲང་བདེན་ ཁྲིམས་ཀྱི་གཞི་རྩ་ཚུ་ བདག་འཛིན་འབད་ནི་དང་ མ་འོངས་པལུ་ སྲོད་དོན་ཚོགས་པ་ཚུ་གི་ རྒྱུད་བསྐུལ་གྱི་དབང་ལུ་ ཤོར་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁོ་ལུ་ དགོངས་ཕོག་བཀའ་རྒྱ་བཏོན་ཡོད་མི་དེ་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ ཆ་མེད་ཀྱི་འཁྲུན་ཆོད་བཏོན་མི་དེ་ཡང་ གཙོ་བོ་ར་ སྤྱིར་བཏང་ཁྲིམས་ཀྱི་གཞི་རྩ་ཚུ་ལུ་གནས་ཏེ་ ལོ་ངོ་མང་རབས་ཅིག་སོང་བའི་ གནད་དོན་དེ་གུ་ རྒྱབ་ལོག་བསྟར་དཔྱད་འབད་ནིའི་དགོངས་དོན་ ཐད་ཀར་དུ་ ཆེད་དུ་བཀོད་དེ་ མེད་པ་ཅིན་ ལག་ལེན་འཐབ་མ་ཆོགཔ་སྦེ་ཡོད་ནི་དེ་གིས་ཨིན་མས་ཟེར་ཞུ་ཡི།
ཚོགས་དཔོན་ལུ་ སྤྱི་ལོ་༡༩༥༣ གྱི་ ཁྲིམས་གཞུང་ཆེན་མོ་ ་༡-༢ པའི་དགོངས་དོན་དང་འཁྲིལ་ མགུ་སྐོར་དང་མིང་རྟགས་རྫུས་མ་རྐྱབ་ཡོདཔ་ དེ་ལས་ དབང་ཚད་ལོག་སྤྱོད་ཐོག་ ཁྲོམ་ས་ཚུལ་མཐུན་མིན་པའི་སྒོ་ལས་ བགོ་བཀྲམ་འབད་ཡོད་པའི་ ཉེས་འཛུགས་འབད་ཡོད་མི་དེ་ཡང་ སྤྱི་ལོ་༡༩༩༩ དང་༢༠༠༢ ཀྱི་བར་ན་ མོང་སྒར་རྫོང་བདག་སྦེ་ ཕྱག་ཞུ་བའི་སྐབས་ ཁོ་གིས་ ཁྲོམ་ས་དང་ སྡོད་ཁྱིམ་ས་ཁོངས་ལས་ ས་ཚན་༩༤ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ཚོགས་དཔོན་གྱི་ བརྒལ་ལེན་སྙན་གསན་དེ་ སང་ཕོད་ སྤྱི་ཟླ་༡ པའི་ཚེས་༧ ལུ་ མཛད་ནི་ཨིནམ་ད་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེའི་ ཐོག་མའི་བརྗོད་དོན་གྱི་ སྙན་གསན་དེ་ སྤྱི་ཟླ་༡༢ པའི་ཚེས་༣༡ ལུ་ མཛད་ནི་ཨིན་པའི་གནས་ཚུལ།




མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment