གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ཁྲིམས་འདུན་གྱིས་ ཚོགས་དཔོན་གྱི་ ཐོག་མའི་བརྗོད་དོན་ ད་རིས་མཛད་ནི།

༢༠/༡༢/༢༠༡༢   ཉེས་འཛུགས་ཅན་༣ པ་གིས་ ཁོ་གི་ དགོངས་ཕོག་བཀའ་རྒྱ་ཆ་མེད་གཏང་དགོ་པའི་ གསལ་ཞུ་ཕུལ་ཡོདཔ།
༉ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་ནང་ ཉེས་རྩོད་ཀྱི་ ཉེས་འཛུགས་འབད་མི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱི་ ཐོག་མའི་སྙན་གསན་ ད་རིས་མཛད་ནི་ཨིན་པས།


དེ་ཡང་ ཁྲིམས་འདུན་གྱིས་ སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་ ཉེས་རྩོད་ཀྱི་ ཉེས་འཛུགས་འབད་མི་ རྩོད་ཟླ་༣ གྱི་ སྟ་གོན་སྙན་གསན་མཛད་པའི་སྐབས་ ཚོགས་དཔོན་གྱིས་ ཐོག་མའི་བརྗོད་དོན་དེ་ སྤྱི་ཟླ་༡༢ པའི་ཚེས་༡༩ ལུ་ ཕུལ་ནི་སྦེ་ ཞུ་ཡོདཔ་ཨིན་རུང་ ཁ་ཙ་ ངན་པ་དགུ་འཛོམས་ཕོག་མི་ལུ་བརྟེན་ ད་རིས་ ཕུལ་ནི་ཨིན་པས།
སྟ་གོན་སྙན་གསན་སྐབས་ རྩོད་ཟླ་༣ ཆ་ར་གིས་ ཁྲིམས་འདུན་ལུ་ ངོ་རྐྱང་སྦེ་ བཅར་ཡོདཔ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཚོགས་དཔོན་དང་ ནང་སྲིད་བློན་པོ་ དེ་ལས་ མོང་སྒར་ཚོགས་ཆུང་གི་ འཐུས་མི་བགྲེསཔ་༡ ལུ་ དབང་ཚད་ལོག་སྤྱོད་དང་ ཚུལ་མིན་གྱི་སྒོ་ལས་ ཁྲོམ་ས་བགོ་བཀྲམ་འབད་བའི་ ཉེས་རྩོད་ཀྱི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཚོགས་དཔོན་ལུ་ སྤྱི་ལོ་༡༩༥༣ གྱི་ ཁྲིམས་གཞུང་ཆེན་མོ་ཉ་༡-༢ པའི་ དགོངས་དོན་དང་འཁྲིལ་ མགུ་སྐོར་དང་ མིང་རྟགས་རྫུས་མ་རྐྱབ་ཡོདཔ་ དེ་ལས་ དབང་ཚད་ལོག་སྤྱོད་དང་ ཁྲོམ་ས་ཚུལ་མིན་སྒོ་ལས་ བགོ་བཀྲམ་འབད་ཡོད་པའི་ ཉེས་འཛུགས་འབད་ཡོད་མི་དེ་ཡང་ ཚོགས་དཔོན་དེ་ སྤྱི་ལོ་༡༩༩༩ དང་༢༠༠༢ ཀྱི་བར་ན་ མོང་སྒར་རྫོང་བདག་གི་ འགན་འཁྲི་ཐོག་ རྒྱལ་པོའི་ཞིང་ ཁྲོམ་སྡེ་ཚོགས་ཆུང་གི་ ཁྲི་འཛིན་སྦེ་བཞུགསཔ་ད་ ཁོ་གིས་ ཁྲོམ་དང་ སྡོད་ཁྱིམ་ས་ཁོངས་ལས་ ས་ཚན་བསྡོམས་༩༩ ལས་༩༤ བགོ་བཀྲམ་འབད་ཡོདཔ་ད་ ས་ཚན་༥ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ མོང་སྒར་རྫོང་བདག་སྦེ་བཞུགས་མི་ ནང་སྲིད་བློན་པོ་གིས་ བགོ་སྤྲོད་འབད་ནུག།
དེ་ལས་ ཉེས་རྩོད་ཀྱི་ ཉེས་འཛུགས་༣ པ་ ཚོགས་ཆུང་གི་ འཐུས་མི་བགྲེསཔ་ བདེ་ཆེན་སེངྒེ་གིས་ སྤྱི་ཟླ་༡༢ པའི་ཚེས་༡༨ ལུ་ ཐོག་མའི་བརྗོད་དོན་ཕུལ་ཡོདཔ་ད་ ཁོ་ལུ་ སྤྱི་ལོ་༡༩༥༣ གྱི་ཁྲིམས་གཞུང་ཆེན་མོའི་ཉ་༡-༢ པའི་དགོངས་དོན་དང་འཁྲིལ་ གཡོ་སྒྱུ་དང་ ཡིག་ཆ་རྫུས་བཟོ་ དབང་ཚད་ལོག་སྤྱོད་ དེ་ལས་ ཁོ་རའི་སྤུན་ཆ་ཅིག་ལུ་ ས་ཚན་༡ བགོ་སྤྲོད་འབད་བའི་ ཉེས་འཛུགས་འབད་ནུག།
བདེ་ཆེན་སེངྒེ་གིས་ ཐོག་མའི་བརྗོད་དོན་སྐབས་ ཁྲིམས་འདུན་ལུ་ཞུ་མིའི་ནང་ ཁོ་གིས་ ཁྲིམས་ལུགས་ལས་འགལ་ཏེ་ ངན་ལྷད་དང་ ཡང་ཅིན་ གཞུང་ལུ་ མགུ་སྐོར་རྐྱབ་ནི་གི་ ལཱ་བྱ་འཐབ་ཡོད་པ་ཅིན་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་དག་པ་ཅིག་བཟུམ་སྦེ་ ཁོ་གིས་ཡང་ ཁོ་རའི་ཁོ་གི་བཟའ་ཚང་༡ གི་མིང་ཐོ་ལུ་ ཁྲོམ་ས་བགོ་སྤྲོད་ འབད་འབདཝ་འོང་ཟེར་ཨིན་པས།
ཁོ་གིས་ ཁོ་རའི་སྤུན་ཆ་དེ་ ཁྱིམ་ནང་སྟབས་མ་བདེཝ་ཐོན་ནི་དེ་གིས་ ཁྲོམ་ས་བགོ་སྤྲོད་སྐབས་ མོ་ར་ མི་ངོ་སྦེ་ འོང་མི་ཚུགས་ནི་ཨིནམ་ལས་ བྱ་རིམ་ཚུ་ག་ར་ ཁོ་གིས་འབད་དགོཔ་སྦེ་ བརྒྱུད་འཕྲིན་ཐོག་ལུ་ གནང་བ་བྱིན་མི་དང་འཁྲིལ་ མོ་གི་མགྲིན་ཚབ་ལུ་ ཞུ་ཡིག་བཙུགས་ཏེ་ མིང་རྟགས་བཀོད་ཅི་ཟེར་ ཁྲིམས་འདུན་ལུ་ཞུ་ཡི།
ད་རུང་ བདེ་ཆེན་སེངྒེ་གིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༡༡ པའི་ཚེས་༡༥ ལུ་ ཁོ་ལུ་ དགོངས་ཕོག་བཀའ་རྒྱ་བཏོན་མི་དེ་ རྩོད་ཟླ་གཞན་བཟུམ་སྦེ་ ཆ་མེད་གཏང་ནི་དང་ ཡང་ཅིན་ ཁྲིམས་ཀྱི་ངོས་ལེན་ཅོག་འཐདཔ་ འབད་དགོ་མི་དེ་ཡང་ ཁོང་ག་ར་གི་ རྩོད་དོན་ཅོག་འཐདཔ་ཨིན་ཟེར་ཞུ་ཡི།
དེ་ལས་ ཚོགས་ཆུང་གི་འཐུས་མི་གཞན་ མོང་སྒར་གྱི་ རྫོང་རབ་བགྲེསཔ་ ལྟ་པོ་དང་ ཁྲོམ་སྡེའི་འཕྲུལ་རིག་འགོ་དཔོན་ བཀྲིས་ནོར་བུ་ཤེར་པ་ རྫོང་ཁག་འཕྲུལ་རིག་འགོ་དཔོན་ལས་རོགས་ སི་ཨེལ་དཱསི་ དེ་ལས་ སངས་རྒྱས་རྡོ་རྗེ་༤ གི་ སྟ་གོན་སྙན་གསན་དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༨ ལུ་ འབད་ཡོདཔ་ད་ ཁོང་ཆ་ཁྱབ་ལུ་ དབང་ཚད་ལོག་སྤྱོད་ཀྱི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
འགོ་དཔོན་བགྲེསཔ་༣ གྱི་ ཐོག་མའི་བརྗོད་དོན་དེ་ སང་ཕོད་ སྤྱི་ཟླ་༡ པའི་ཚེས་༣ ལུ་ ཕུལ་ནི་ཨིན་རུང་ སངས་རྒྱས་རྡོ་རྗེ་གིས་ སྤྱི་ཟླ་༡ པའི་ཚེས་༡༠ ལུ་ ཕུལ་ནི་ཨིན་པས།
མོང་སྒར་ཁྲིམས་འདུན་ལུ་ སྤྱི་ཟླ་༡༡ པའི་ཚེས་༡༣ ལུ་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་སྤྲོད་དང་འབྲེལ་བའི་ ཞི་རྩོད་༧༢ དང་ ཉེས་རྩོད་༣ འབདཝ་ད་ རྩོད་དོན་༧༥ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment