གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྡེབ་སིའི་ས་གནས་གོང་འཕེལ་འཆར་གཞི་ ཁ་ཙ་འགོ་འབྱེད་འབད་ཡོདཔ།

༢༥/༡༢/༢༠༡༢   ༉ ཐིམ་ཕུ་རྫོང་ཁག་གི་ སྡེབ་སི་ས་གནས་གོང་འཕེལ་གྱི་འཆར་བཀོད་དེ་ སའི་ཇོ་བདག་ཚུ་དང་ གྲོས་བསྡུར་ཞལ་འཛོམས་ཐེངས་ལེ་ཤ་ཅིག་འཚོགས་པའི་ཤུལ་ལུ་ ད་རུང་ ཇོ་བདག་དག་པ་ཅིག་གིས་ ཉོགས་བཤད་བཀོད་ཐོག་ འཆར་བཀོད་དེ་ལུ་ རྒྱབ་སྐྱོར་གྱི་ཆ་འཇོག་འབད་མ་བཏུབ་རུང་ ཁ་ཙ་ འཆར་བཀོད་དེ་གི་ལག་ལེན་ འགོ་འབྱེད་གནང་ཡི།
ཨེཀསི་ཀེ་བེ་ཊར་གྱིས་ འགོ་འབྱེད་ནང་ས་རྐོ་བའི་བསྒང་།


འགོ་འབྱེད་བརྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་ ཞབས་ཏོག་ལྷན་ཁག་གི་དྲུང་ཆེན་ དྲགོས་ཌོག་ཊར་ བསོད་ནམས་བསྟན་འཛིན་གྱིས་ གསུངས་མིའི་ནང་ ས་གནས་གཞན་ཁར་ ཁྲོམ་སྡེ་གོང་འཕེལ་གྱི་འཆར་བཀོད་ཚུ་ གྲ་སྒྲིག་སོང་རུང་ མ་དངུལ་མེདཔ་ལས་ ལཱ་འགོ་བཙུགས་མ་ཚུགས་པར་ལུས་ཡོདཔ་ལས་ སྡེབ་སིའི་ ས་གནས་གོང་འཕེལ་འཆར་གཞི་གི་དོན་ལུ་ མ་དངུལ་ཚུ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ གྲོགས་རམ་ཐོབ་ནི་དེ་གིས་ ས་གནས་ཀྱི་སྡོད་གནས་ཚུ་ སྒོ་སྐལ་ལྡན་ནུག་ཟེར་ཨིན་པས།
ས་གནས་གོང་འཕེལ་གྱི་འཆར་གཞི་མེད་པ་ཅིན་ མ་འོངས་པར་ བྱ་སྟབས་མ་བདེཝ་ལེ་ཤ་ཐོན་ཏེ་ ས་གནས་ཁར་ དགའ་སྐྱིད་མི་འོང་ནི་ཨིནམ་མ་ཚད་ ད་རེས་ འཆར་གཞི་དང་བསྟུན་ གོང་འཕེལ་གྱི་ལག་ལེན་འགོ་བཙུགས་ཚུགས་ནི་དེ་གིས་ ས་གནས་ཀྱི་མི་སེར་ཚུ་གིས་ཡང་ རང་སོའི་སྒེར་གྱི་གོང་འཕེལ་འཆར་གཞི་ཚུ་ འགོ་བཙུགས་ཚུགས་ཅི་ཟེར་ཨིན་པས།
ཐིམ་ཕུ་རྫོང་བདག་ ལྷགཔ་རྡོ་རྗེ་གིས་བཤད་མིའི་ནང་ ས་གནས་ཀྱི་སའི་ཇོ་བདག་ག་ར་གིས་ འཆར་བཀོད་དེ་ལུ་ ཆ་འཇོག་གི་རྒྱབ་སྐྱོར་འབད་ཡོདཔ་ཨིན་རུང་ ས་གནས་ཁར་ ས་རྒྱ་ཆེ་དྲགས་ཡོད་མི་ ཆེ་རིམ་ཅན་གྱི་ཞི་གཡོག་བགྲེསཔ་༥ དང་༦ དེ་ཅིག་གིས་ ཉོགས་བཤད་བཀོད་དེ་ རྒྱབ་སྐྱོར་འབད་མ་བཏུབ་ཟེར་ཨིན་པས།
སའི་ཇོ་བདག་ཚུ་གིས་ ས་ཆ་སྤྱི་ཐོག་བཏང་ནིའི་ ཚད་གཞི་དེ་མར་ཕབ་རྐྱབ་ནི་གི་དོན་ལུ་ ས་གནས་འཆར་གཞིའི་ནང་ སྣུམ་འཁོར་བཞག་སའི་ས་གོ་དང་ སློབ་གྲྭ་ གཞི་རྟེན་གསོ་བའི་སྨན་ཁང་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་གྱི་རིགས་ཚུ་ མ་དགོཔ་སྦེ་སླབ་སྟེ་ ཡོད་ཟེར་བཤདཔ་ཨིན་པས།
སྡེབ་སི་ སྟོད་ཀྱི་མི་སེར་ཚུ་གིས་ ས་ཆ་བརྒྱ་ཆ་༢༣ རེ་ སྤྱི་ཐོག་ལུ་བཏང་དགོ་པའི་ཁར་ སྨད་ཀྱི་ མི་སེར་ཚུ་གིས་ བརྒྱ་ཆ་༢༦ རེ་ སྤྱི་ཐོག་ལུ་བཏང་དགོ་མི་དང་ཕྱདཔ་ད་ ཉོགས་བཤད་བཙོང་མི་ སའི་ཇོ་བདག་ཚུ་གི་ ས་ཆ་བརྒྱ་ཆ་༢༡ མ་གཏོགས་ སྤྱི་ཐོག་ལུ་ བཏང་མ་དགོཔ་སྦེ་ མར་ཕབ་རྐྱབ་ཡོད་རུང་ ད་ཚུན་ རྩོད་ཉོགས་དེ་བསལ་མ་ཚུགས་པར་ལུས་ཡོདཔ་ལས་ སའི་ཇོ་བདག་ཚུ་གིས་ གཞན་ག་ར་གིས་ཆ་འཇོག་ཡོད་པའི་ འཆར་གཞི་ལག་ལེན་ལུ་ བཀག་ཆ་འབད་ནི་དེ་ འོས་འབབ་ལྟ་ཞིབ་འབད་དགོཔ་འོང་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པས།
ས་གནས་གོང་འཕེལ་གྱི་དོན་ལུ་ མ་དངུལ་དེ་གི་ཐོག་ལས་ མ་དངུལ་ དངུལ་ཀྲམ་ས་ཡ་༦༠ འཆར་བཀོད་བཞག་མི་ཚུ་ གཞི་རྟེན་མཐུན་རྐྱེན་ བཟོ་སྐྲུན་གྱི་དོན་ལུ་ཨིནམ་ད་ ལས་དོན་གཞན་ཡང་ རྐང་ལམ་དང་ འཐུང་ཆུ་ སྣུམ་འཁོར་ལམ་སེལ་ནི་ཚུ་ཡོདཔ་ལས་ གལ་སྲིད་ རྩོད་ཉོགས་དེ་ བསལ་མ་ཚུགས་པ་ ཕྱིར་འགྱངས་ལུས་པ་ཅིན་ འཆར་དངུལ་དེ་ གཞན་ཁར་ཤོར་ནིའི་ཉེན་ཁ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment