གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་དབང་ལུང་ ད་རིས་འགྲོལ་ནི།

༢༥/༡༢/༢༠༡༢   ཁ་ཙ་ཚུན་ཚོད་ གྲུབ་ཐོབ་ཆེན་པོ་༦༣ གྱི་ དབང་ལུང་གནང་ཡོདཔ་ཨིན་པས།
༉ སྤུངས་ཐང་བདེ་བ་ཆེན་པོའི་ ཕོ་བྲང་གི་ ཉེ་འདབས་ལུ་ ཐང་བཟང་ནང་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠ པ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ མི་མང་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་ཐེངས་དང་པ་ གནངམ་དང་འབྲེལ་ སྤྱི་ཟླ་༡༢ པའི་ཚེས་༢༢ ལས་འགོ་བཙུགས་ གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ དབང་ལུང་གནང་མི་དེ་ ད་རིས་ འགྲོལ་ནི་ཨིན་པས།
ཐང་བཟང་ནང་ བཀའ་དབང་ཞུ་མི་ དད་ཅན་ཕོ་མོ་ཚུ།


དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཉིན་བསྟར་བཞིན་དུ་ གྲུབ་ཐོབ་༢༡ རེ་གི་ དབང་ལུང་དང་གཅིག་ཁར་ གྲུབ་ཐོབ་རེ་རེ་བཞིན་དུའི་ རྟོགས་བརྗོད་མདོར་བསྡུས་སྦེ་ དད་ཅན་སྐྱ་སེར་༡༠༠,༠༠༠ ལྷགཔ་ཅིག་ སྤུངས་འཛོམས་འབད་ཡོད་མི་ལུ་ གསལ་བཤད་གནངམ་ཨིན་པས།
མ་གཞི་ གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ དབང་གནང་ནི་དེ་ འཇམ་ཏོང་ཏོ་ཅིག་མིན་མི་དེ་ཡང་ གྲུབ་ཐོབ་རེ་རེ་བཞིན་དུ་ལུ་ གསུང་ཆོག་གནང་པའི་ཤུལ་ལས་ གྲུབ་ཐོབ་རེ་རེའི་ དབང་གནང་དགོཔ་ལས་ སྤྱིར་བཏང་ཉིནམ་༡༠ དེ་ཅིག་ འགོར་ནི་ཨིན་རུང་ ད་རིས་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་གནང་སར་ དད་མོས་ཅན་འབུམ་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡོད་ནི་དེ་གིས་ གྱལ་བཤལ་ཐོག་ བྱོན་ཐབས་མེད་པར་ དབང་ཁང་ནང་ལས་ དབང་བསྐུར་གནངམ་མས་ཟེར་ དད་ཅན་ཅིག་གིས་ སླབ་ཨིན་པས།
སྤྱིར་རྒྱ་གར་འཕགས་པའི་ཡུལ་ལུ་ གྲུབ་ཐོབ་བསམ་གྱིས་ མི་ཁྱབ་པར་ བྱོན་ཡོད་རུང་ གྲུབ་ཆེན་བརྒྱད་ཅུ་རྩ་བཞི་གྲངས་སུ་ བརྩི་དགོ་པའི་ རྒྱུ་མཚན་དེ་ཡང་ ཧེ་མར་ རྒྱ་གར་ནུབ་ཕྱོགས་ཀྱི་ གྲོང་ཁྱེར་ཅིག་ནང་ ཁོ་རའི་ཡུམ་ལུ་ གནམ་མེད་ས་མེད་ གུས་ཞབས་ཡོད་མི་ ཆོས་ཀྱི་རྒྱལཔོ་ ཀུཉྫི་ཟེར་མི་དེ་གིས་ ཡུམ་གཤགས་ནིའི་ གུ་ལྷོདཔ་ད་ ཁྱོད་ཀྱི་དོན་ལུ་ དགེ་རྩ་ག་ཅི་སྒྲུབ་དགོཔ་ཨིན་ན་ ང་གིས་ བསྒྲུབ་ནི་ཨིནམ་ལས་ ང་ལུ་ བཀའ་གནང་ཟེར་ཞུཝ་ད་ ཡུམ་གྱིས་ ང་ལུ་ དགེ་རྩ་གཞན་ག་ཅི་ཡང་ སྒྲུབ་མི་དགོ་ གྲུབ་པ་ཐོབ་མི་ རྣལ་འབྱོར་ཕོ་མོ་བརྒྱད་ཅུ་རྩ་བཞི་སྤྱན་དྲངས་ཏེ་ ཚོགས་འཁོར་བསྐོར་གནང་པ་ཅིན་ བསམ་པ་རྫོགས་ནི་མས་ཟེར་ གསུངས་ཡོདཔ་ཨིན་པས།
དེ་ལས་ རྒྱལ་པོའི་ཐུགས་བསམ་ལུ་ གྲུབ་ཐོབ་དེ་ཚུ་ ད་ལྟོ་ དངོས་སུ་འཚོ་ཞིང་ ཞལ་བཞུགས་མེད་ནི་དེ་གིས་ སྤྱན་འདྲེན་ནི་གི་ ཐབས་ཤེས་མེད་རུང་ ཐུགས་རྗེའི་བདག་ཉིད་ཅན་ཨིནམ་ལས་ གསོལཝ་བཏབ་ནི་གི་ ཐུགས་ཐག་བཅད་དེ་ ཐུགས་རྩེ་གཅིག་ཏུ་གསོལཝ་བཏབ་ད་ ཡེ་ཤེས་ཀྱི་ མཁའ་འགྲོ་མ་ ཀོ་ཀི་ལ་དང་ དྷརྨ་བི་ཤ་གཉིས་ཀྱིས་ མངོན་སུམ་དུ་ ཞལ་སྟོན་ཏེ་ ང་བཅས་གཉིས་ཀྱིས་ རྒྱལཔོ་ཁྱོད་ལུ་ ཆ་རོགས་འབད་ནི་ཨིནམ་ལས་ གྲུབ་ཐོབ་ཚུ་ སྤྱན་དྲངས་ནི་གི་ ཚོགས་ཁང་བཞེངས་ཟེར་ གསུངས་ཡོདཔ་ད་ རྒྱལཔོ་གིས་ ཚོགས་ཁང་བཞེངས་ཏེ་ མཁའ་འགྲོ་མ་གཉིས་ཀྱིས་ རྫུ་འཕྲུལ་སྟོན་ཐོག་ལས་ སྐད་ཅིག་ཡུད་ཙམ་ཅིག་གི་ནང་ལུ་ གནས་སོ་སོར་བྱོན་ཏེ་ གྲུབ་ཐོབ་ཚུ་ སྤྱན་དྲངས་ཡོདཔ་ཨིན་པས།
དེ་ལས་ དང་པ་ར་ གྲུབ་ཐོབ་ལཱུ་ཡི་པ་བྱོན་ཞིནམ་ལས་ རིམ་པ་བཞིན་དུ་ གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་བྱོན་ཏེ་ ཚོགས་ཁང་ནང་ བཞུགས་ཡོདཔ་ད་ རྒྱལ་པོ་གིས་ ཚོགས་ཀྱི་ཡོ་བྱད་བཤམས་ཏེ་ ཚོགས་ཀྱི་འཁོར་ལོའི་འདུ་བ་ཡུན་རིངམོ་འབད་ མཛད་པའི་ཤུལ་ལུ་ གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ལུ་ གཏན་འཇགས་ཀྱི་ མཆོད་གནས་སྦེ་ བཞུགས་གནང་དགོ་པའི་ གསོལ་འདེབས་ཞུ་རུང་ ཞལ་གྱིས་མ་བཞེས་པའི་མཐའ་མར་ གྲུབ་ཐོབ་རེ་རེ་གིས་ དོ་ཧ་རྡོ་རྗེའི་གླུ་རེ་གསུངས་ཏེ་ གར་སོང་མེད་པར་ བྱོན་སོ་ནུག།
དེ་ལས་ རྒྱལ་པོ་གིས་ སྐུ་ཚབ་ལུ་ གྲུབ་ཐོབ་སོ་སོའི་ སྐུ་རེ་བཞེངས་ཏེ་ དེ་ཚུའི་སྐུ་མདུན་ལུ་ དོ་ཧ་ཚུ་ ཡི་གེར་བྲིས་ཏེ་ མཆོད་པ་ཕུལ་ཡོདཔ་ཨིན་པས།
གྲུབ་ཐོབ་ཚུ་ རྒྱ་གར་ཤར་ཕྱོགས་དང་ ལྷོ་ཕྱོགས་ ནུབ་ཕྱོགས་ བྱང་ཕྱོགས་ལ་སོགས་པའི་ ཕྱོགས་ག་ར་ལས་ འཁྲུངས་ཡོདཔ་མ་ཚད་ ཁོང་གི་རིགས་ཡང་ ལ་ལུ་ཅིག་ རྒྱལ་རིགས་དང་ བྲམ་ཟེའི་རིགས་ ཤ་རོགསཔ་དང་ མི་སེར་ཕལ་པའི་ རིགས་ཚུ་ལས་ འཁྲུངས་ཡོདཔ་བཞིན་དུ་ དེ་ཚུ་གི་ སྐུ་གསུང་ཐུགས་ཀྱི་ བྱིན་རླབས་ཚུ་ ད་ལྟོ་ ཆོས་ཞུ་མི་ཚུ་གི་ ལུས་ངག་ཡིད་གསུམ་ལུ་བསྟིམས་ཡོདཔ་ལས་ རབ་ཀྱིས་ ཚེ་འདི་ལུ་ ལུས་རྟེན་འདི་གི་ཐོག་ལས་ རྟོགས་པ་རྒྱུད་ལུ་ སྐྱེ་ནི་དང་ འབྲིང་གིས་ རང་རྒྱུད་སྨིན་གྲོལ་གྱི་ སྐལ་བ་ཅན་ལུ་ འགྱུར་ནི་ དེ་ལས་ ཐ་མ་གིས་ཡང་ བག་ཆགས་བཟང་པོ་ལུ་བརྟེན་ཏེ་ སྐྱེ་བ་ཕྱི་མར་ངན་སོང་ལས་གྲོལ་བའི་ རྟེན་འབྲེལ་བསྒྲིག་པའི་ དགོས་པ་སྦོམ་ཡོད་ཟེར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཆོས་ཞུ་མི་ཚུ་ལུ་ གསུངས་ཡོདཔ་ཨིན་པས།
སྐྱབས་རྗེ་རྗེ་མཁན་མཆོག་ ཁྲི་ཐོག་ཕེབས་ཞིནམ་ལས་ གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་དབང་དེ་ དང་པ་ར་ སྤྱི་ལོ་༢༠༠༡ ཟླཝ་༦ པའི་ནང་ ཧཱ་ལུ་ སྨོན་ལམ་ཆེན་མོའི་སྐབས་ གནང་པའི་ཤུལ་ལུ་ རྫོང་ཁག་ལེ་ཤ་ཅིག་ནང་ དཔལ་ལྡན་འབྲུག་པའི་ དབང་ལུང་ཁྲིད་གསུམ་གྱི་སྐབས་ གནང་ཡོདཔ་ཨིན་པས།
དེ་གི་ཧེ་མར་ སྐྱབས་རྗེ་རྗེ་མཁན་ཁྲི་ཟུར་ བསྟན་འཛིན་དོན་གྲུབ་མཆོག་གིས་ བདེ་ཆེན་ཕོ་བྲང་དང་ དབང་འདུས་ཕོ་བྲང་ལུ་ གནང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment