གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆང་འཐུང་མིའི་གནས་ཚད་ མར་བབས་སོང་ཡོད་པའི་བརྡ་མཚོན།

༢༥/༡༢/༢༠༡༢   མོང་སྒར་དང་ ལྷུན་རྩེ་རྫོང་ཁག་༢ ཀྱི་ རྒེད་འོག་༥ འི་ནང་ མོ་བཏབ་ལས་འགུལ་ལག་ལེན་འཐབ་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ལས་ རྫོང་ཁག་གཞན་ཚུ་ནང་ཡང་ ལག་ལེན་འཐབ་ནི་གི་འོས་འབབ།

༉ མོང་སྒར་རྫོང་ཁག་གི་ རྒེད་འོག་གསུམ་དང་ ལྷུན་རྩེའི་རྒེད་འོག་༢ ནང་ ཆང་འཐུང་མིའི་ གནས་ཚད་རྒྱ་ཆེཝ་སྦེ་ར་ མར་བབས་སོང་ཡོདཔ་མ་ཚད་ མི་སེར་གྱི་ འཚོ་བའི་གནས་སྟངས་ལེགས་བསྒྱུར་སོང་ཡོདཔ་ཨིན་པས།
དེ་ཡང་ སྤ་རོ་ལུ་ ཉིན་གྲངས་༣ གྱི་རིང་ འབྲུག་ལུ་ ཆང་ལག་ལེན་གྱི་ གནོད་ཉེན་མར་ཕབ་ནང་ མཉམ་འབྲེལ་གོང་འཕེལ་གཏང་ནིའི་ མཁས་རིག་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་མི་དེ་ནང་ རྫོང་ཁག་གཉིས་ཀྱི་ རྒེད་འོག་༥ ནང་ མོ་བཏབ་ལས་འགུལ་ཅིག་ འགོ་འདྲེན་འཐབ་མིའི་ སྙན་ཞུ་ཅིག་ གསལ་སྟོན་འབད་ཡོདཔ་ཨིན་པས།



ལས་འགུལ་གྱི་ གོ་རིམ་དང་པའི་ནང་ རྒེད་འོག་༥ གི་ རྒེད་འོག་རེ་རེ་བཞིན་དུ་ གྲོས་བསྡུར་ལས་རིམ་འགོ་བཙུགས་ཐོག་ལས་ མི་སྡེའི་འཐུས་མི་ཚུ་ལུ་ ཁོང་རའི་གཡུས་སྒོ་དང་ མི་སྡེའི་ནང་ ཆང་ལུ་བརྟེན་པའི་ གནོད་པ་ག་ཅི་ར་ འོང་སྲིད་ཨིན་ནའི་སྐོར་ ཁོང་ར་ལུ་ བརྟག་དཔྱད་འབད་བཅུག་ནུག།
དེ་མ་ཚད་ གནད་དོན་དེ་གི་ཐོག་ལུ་ གོ་བརྡའི་ལས་རིམ་དང་ སྦྱོང་བརྡར་ཚུ་ བྱིན་ཐོག་ལས་ རྒྱབ་སྐྱོར་འབད་ཡོད་མི་དེ་ཡང་ དཔེར་ན་ མི་ཚུ་གིས་ ག་ཅི་སྦེ་ ཆང་འཐུངམ་ཨིན་ན་ ཆང་གི་རྣམ་སྨིན་ ཆང་གི་གནོད་པ་ དེ་ལས་ ཆང་ལུ་བརྟེན་པའི་ གནོད་ཉེན་མར་ཕབ་ཀྱི་ཐབས་ལམ་དང་ ཟླ་རིམ་བཞིན་དུ་ སྙན་ཞུ་འབད་ཐངས་ཚུ་གི་སྐོར་ལས་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།
མི་སྡེ་གིས་ ཆང་ལུ་བརྟེན་པའི་ གནོད་ཉེན་མར་ཕབ་ཀྱི་ ཐབས་ལམ་ཅིག་ ཨ་ལུ་གསར་སྐྱེས་བལྟ་བར་འོང་མི་དང་ ལོ་ཆོག་དང་ཚེས་བཅུ་ དེ་ལས་ མགྱོནམ་དང་ མདའ་རྩེད་འགྲན་བསྡུར་ ལོ་གསར་ལ་སོགས་པའི་ དུས་སྟོན་ཚུ་ནང་ ཆང་དྲང་ནི་ལས་མར་ཕབ་འབད་ནི་དང་ རབ་འབྱུང་པ་ཅིན་ ཆང་ལག་ལེན་མི་འཐབ་ནི་སྦེ་ ཁས་ལེན་འབད་ཡོདཔ་ཨིན་པས།
ཆང་གི་ཚབ་ལུ་ ག་ཏེ་ལས་ཡང་ ཐོབ་ཆོག་ཆོ་ཡོད་མི་ ཇ་དང་ བསིལ་ཆུ་ ཁ་ཟས་ ཤིང་འབྲས་ཚུ་ ལག་ལེན་འཐབ་ནི་སྦེ་ དང་ལེན་འབད་ཡོདཔ་མ་ཚད་ གཡུས་ཆང་བཙོང་ནི་ཚུ་ བཀག་འཛིན་འབད་བའི་ཁར་ ཆང་ཁང་དང་ སིལ་ཚོང་ཚུ་ ལྟ་རྟོག་འབད་ཡོདཔ་ཨིན་པས།
དེ་ལས་ མི་སྡེ་ཁོང་ར་གིས་ ལམ་ལུགས་ཅིག་ བཟོ་ཐོག་ལས་ ལམ་ལུགས་ལུ་ མ་གནས་མི་ཚུ་ལུ་ ཉེན་བརྡ་བྱིན་ནི་དང་ ཉེས་བྱ་བཀལ་མི་ འཐུས་མི་ཚུ་ཡང་ ངོས་འཛིན་འབད་ཡོད་མི་དེ་ཡང་ དཔེ་འབད་བ་ཅིན་ ལྷུན་རྩེ་སྨད་འཚོ་རྒེད་འོག་ནང་ འཐུས་མི་གཙོ་ཅན་མེན་མི་ཅིག་གིས་ མི་ཅིག་ལུ་ ཆང་བྱིན་པ་ཅིན་ ཉེས་འགལ་དང་པའི་ནང་ ཉེས་བྱ་དངུལ་ཀྲམ་༣༥༠ དང་ ཆང་འཐུང་མི་གིས་ ཉེས་བྱ་དངུལ་ཀྲམ་༣༠༠ སྤྲོད་དགོཔ་ཨིན་པས།
ད་རུང་ མི་དེ་གིས་ ཆང་བྱིན་སར་ ལན་ཐེངས་༣ བདའ་ཟུན་པ་ཅིན་ ཕོ་མོ་ག་ཨིན་རུང་ ཉེས་བྱ་དངུལ་ཀྲམ་༥,༠༠༠ བཀལ་ནི་དང་ ཆང་འཐུང་མི་དེ་ རྫོང་ཁག་བདག་སྐྱོང་གིས་ ངོས་ལེན་འབད་ནི་ཨིན་པས།
འདི་བཟུམ་མའི་ ཐབས་ལམ་ཚུ་ ལག་ལེན་འཐབ་མི་ལུ་བརྟེན་ སོ་ནམ་ཐོན་སྐྱེད་ཡར་སེང་ཐོག་ མི་སེར་གྱི་ འོང་འབབ་ཡར་སོང་ནུག་ཟེར་ མི་སྡེ་དང་ གཡུས་སྒོའི་འགོ་ཁྲིདཔ་ཚུ་གིས་ སྙན་ཞུ་འབད་མི་ གྲུབ་འབྲས་ཚུ་ལུ་ གཞི་བཞག་སྟེ་ འཛམ་གླིང་གསོ་བའི་ལས་འགུལ་གྱིས་ ཕྱོགས་བསྒྲིགས་འབད་མི་ ཡིག་ཆའི་ནང་ གསལ་བཀོད་འབད་ནུག།
འཛམ་གླིང་གསོ་བའི་ལས་འགུལ་གྱི་ ཡིག་ཆའི་ནང་ ད་རེས་ནངས་པ་ མི་སེར་ཚུ་གིས་ གློག་མེ་སྤྱོད་འཐུས་བཏབ་ནི་དང་ ཆང་མིན་པའི་ ལས་སྣ་གཞན་ཚུ་ལུ་ གཙོ་རིམ་བཟུང་ནི་གི་ ལྕོགས་གྲུབ་ཐོབ་ནུག་ཟེར་ བཀོད་ནུག།
དེ་མ་ཚད་ ཆང་འཐུང་ལག་ལེན་མར་ཕབ་མི་ལུ་བརྟེན་ གནོད་སྐྱོན་དང་ ཤི་རྐྱེན་ འཐབ་འཛིང་ གཉེན་ཡ་བྲལ་འགྱོ་ནི་ཚུ་ཡང་ མར་བབས་སྦོམ་སྦེ་ར་ སོང་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ལས་འགུལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྫོང་ཁག་གཉིས་གདམ་ཁ་རྐྱབ་མི་དེ་ཡང་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་དང་ཕྱདཔ་ད་ ཆང་འཐུང་མིའི་གནས་ཚད་མཐོ་དྲགས་ཡོད་མི་ལུ་ གཞི་བཞག་སྟེ་ཨིན་ཟེར་ཨིན་པས།
དེ་གིས་མ་ཚད་ སྤྱི་ལོ་༢༠༡༡ གི་ གནས་སྡུད་དང་འཁྲིལཝ་ད་ རྫོང་ཁག་གཞན་ཚུ་དང་ཕྱདཔ་ད་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་གཉིས་ནང་ ཆང་ལུ་བརྟེན་པའི་ ན་མི་དང་ ཤི་རྐྱེན་བྱུང་མིའི་ གྱངས་ཁ་མཐོ་དྲགས་ཡོད་མི་ལུ་བརྟེན་ཨིན་པས།
རྫོང་ཁག་དེ་གཉིས་ནང་ འབྲུ་སྣ་ཚུ་ ཆང་བཟོ་ནིའི་ནང་ ལག་ལེན་འཐབ་མི་ལུ་བརྟེན་ མི་ངོ་སོ་སོ་དང་ མི་སྡེ་ཚུ་གི་ ལཱ་འབྲེལ་ལུ་ གནོད་ཡོདཔ་མ་ཚད་ མཐར་ཐུག་ལུ་ རྫོང་ཁག་ཚུ་ནང་ དབུལ་ཕོངས་ཀྱི་གནས་ཚད་ མཐོ་དྲགས་སྦེ་ གནས་ནི་ལུ་ རྒྱུ་རྐྱེན་འབད་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ རྫོང་ཁག་དེ་གཉིས་ཀྱི་ རྒེད་འོག་གཞན་ཚུ་གིས་མ་དོ་བར་ བཀྲིས་སྒང་རྫོང་ཁག་གི་ རྒེད་འོག་དག་པ་ཅིག་གིས་ཡང་ ཆང་ལག་ལེན་མར་ཕབ་ཀྱི་ ཐབས་ཤེས་དང་ལེན་འབད་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
མི་མང་གསོ་བའི་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དབང་ཕྱུག་གིས་ ཞལ་འཛོམས་ནང་ གནས་ཚུལ་ནང་འདྲཝ་སྦེ་ སླབ་མིའི་ནང་ མོ་བཏབ་ལས་འགུལ་དེ་ ཀྲོང་གསར་དང་ གཞལམ་སྒང་ པདྨ་དགའ་ཚལ་ བསམ་གྲུབ་ལྗོངས་མཁར་ཚུ་ནང་ཡང་ ལག་ལེན་འཐབ་འོང་ཟེར་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment