གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་ཞུ་མི་ཚུ་སྡོད་སའི་ ས་ཁོངས་ལ་ལུ་ཅིག་ལུ་ འཐུང་ཆུ་དང་ གློག་མེའི་དཀའ་ངལ།

༢༩/༡༢/༢༠༡༢   དད་ཅན་ཚུ་གིས་ མོ་ཆུ་འཐུང་དོ་ཡོདཔ་ཨིན་རུང་ ཁང་མིག་གླ་ཁར་ བཏང་མི་ཚུ་གིས་ མི་བདེན་ཟེར་སླབ་མས།
༉ སྤུ་ན་ཁ་ ལྕང་ཡུལ་ལུ་ གནས་སྐབས་ཀྱི་ ཁང་མིག་ཚུ་ གླ་ཁར་ལེན་ཏེ་ བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཞུ་མི་ལ་ལུ་ཅིག་ བྱ་ཐབས་མེད་པར་ མོ་ཆུ་འཐུང་དགོཔ་ ཐོན་དོ་ཡོདཔ་ཨིན་པས།
མོ་ཆུ་དེ་ ཁང་མིག་གླ་ཁར་ལེན་ཏེ་ སྡོད་མི་ཚུ་ལུ་ འཐུང་ཆུ་སྦེ་མིན་པར་ གོ་ལ་འཁྱུ་ནི་དང་ ཆབ་གསང་གི་དོན་ལུ་ བཀྲམ་སྤེལ་འབད་འབདཝ་ཨིན་པས།

མི་རྒན་རྒས་ཚུ་ ཐང་བཟང་དབང་ཁང་ནང་ དབང་ཞུ་ནིའི་དོན་ལུ་ ཕོ་ཆུའི་སྤྲིངས་ཟམ་གུ་ལས་འགྱོཝ་ད་
ཆ་རོགས་འབད་མི་མེད་པ་ཅིན་ ལཱ་ཁག་བཏང་དོ་ཡོདཔ།


ལྕང་ཡུལ་ལུ་ ཁང་གླ་ལེན་མི་དང་ སྒར་བཅགས་སྡོད་མི་ དད་ཅན་༡༠,༠༠༠ དེ་ཅིག་ཡོད་མི་ཚུ་གི་དོན་ལུ་ ཁྲོམ་སྡེ་གིས་ དཀར་སྦྱིས་ས་ལས་ འཐུང་ཆུ་བཏོན་མི་ལས་ བཀྲམ་སྤེལ་འབད་ཡོད་རུང་ ལང་མ་ཚུགས་ནི་དེ་གིས་ མོ་ཆུ་འཐུང་དོ་ཡོདཔ་ད་ དེ་ཚུ་གི་གྲས་ལས་ བཀྲིས་སྐྱིད་ཚོང་ལས་ཀྱིས་རྐྱབ་མི་ སྒར་༣༤༠ ནང་ སྡོད་མི་ཚུ་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ མོ་ཆུ་དེ་ གཟུགས་དང་གོ་ལ་འཁྱུ་མི་དང་ གཙང་ཆུའི་མཐའམ་བདའ་སྟེ་ ཆབ་གསང་བཏང་མི་ལུ་བརྟེན་ ཁམས་ལོག་སི་སི་བཟོ་ནུག་ཟེར་ཨིན་པས།
ཐིམ་ཕུ་ཚལ་ལུང་ནང་ལས་ སྐྱེས་ལོ་༧༢ ལང་མི་ ཨཔ་འབྲུག་སྒྲ་གིས་ སླབ་མི་དང་འཁྲིལཝ་ད་ ད་རེས་སྐབས་ཅིག་ ཆརཔ་མ་རྐྱབ་ནི་དེ་གིས་ ལེགས་ཤོམ་སོང་མི་དེ་ཡང་ གལ་སྲིད་ ཆརཔ་རྐྱབ་པ་ཅིན་ གཙང་ཆུའི་མཐའམ་བདའ་ཡོད་མི་ གསང་སྤྱོད་ཚུ་ འཕྱགས་བདའ་སྟེ་ ཁོང་སྡོད་སའི་ འཐུང་ཆུ་བཙོག་པ་བཟོ་བཟོཝ་འོང་ཟེར་ཨིན་པས།
ད་རུང་ མོ་ཆུ་ལས་ ཆུ་འཐེན་ཏེ་ བཀྲམ་སྤེལ་འབད་མི་ འཕྲུལ་ཆས་ཀྱི་མཐའ་མར་ མི་ཚུ་གིས་ ཆབ་གསང་ག་ལྷོད་སར་ བཏང་ཡོདཔ་མ་ཚད་ དེ་གི་ལྟག་ལས་ཕར་ མི་བརྒྱ་ཕྲག་ལས་བཅད་དེ་ གཟུགས་དང་གོ་ལ་འཁྱུ་མིའི་ མཐོང་གསལ་བྱུང་ཡོདཔ་ད་ དབང་ཞུ་མི་ཚུ་གིས་ སླབ་མིའི་ནང་ བཙོག་ཆུ་དེ་ འཕྲུལ་ཆས་ནང་འཛུལ་ཏེ་ ཁོང་གི་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༥༩ ལང་མི་ ཀུན་ལེགས་དབང་མོ་གིས་འབད་བ་ཅིན་ གཙང་ཆུ་དེ་ འཐུང་པའི་ཤུལ་ལས་ ལྐོདམ་ན་ཡི་ཟེར་ཨིནམ་ད་ མ་འཐུང་པ་ཅིན་ ཆུ་མེདཔ་ལས་ ཐབས་ར་མེད་པར་ འཐུང་དགོཔ་ཐོནམ་མས་ཟེར་ཨིན་པས།
བཀྲིས་སྐྱིད་ཚོང་ལས་ཀྱི་ཇོ་བདག་ བདེ་སྐྱིད་དབང་མོ་གིས་ ས་ཁོངས་ནང་ སྡོད་མི་ཚུ་གིས་ མོ་ཆུ་འཐུང་མི་དེ་ མི་བདེན་ཟེར་ སླབ་པའི་ཁར་ ཉིནམ་དག་པ་ཅིག་གི་ཧེ་མར་ ཀུན་གསལ་གྱིས་ གནས་ཚུལ་གསལ་བཀོད་འབད་མི་དེ་ཡང་ མི་བདེན་ཟེར་ སླབ་ཨིན་པས།
ཨིན་རུང་ ཀུན་གསལ་གྱིས་ ལས་སྡེའི་མི་ཅིག་ལུ་ དྲི་བའི་སྐབས་ འཕྲུལ་ཆས་དེ་ གཙང་ཆུའི་མཐའ་མར་ བཞག་ནི་དེ་གིས་ བཙོག་པ་ཞུགས་དོ་ཡོདཔ་ འོང་སྲིད་ནི་ཨིན་རུང་ དེ་བཀག་ཐབས་ལུ་ འཕྲུལ་ཆས་དེ་ གཙང་ཆུའི་སྦུག་ལུ་ བཙུག་ནི་གི་ འཆར་གཞི་ཡོད་ཟེར་ སླབ་ཅི།
དེ་འབདཝ་ད་ གནས་ཚུལ་ཐོན་པའི་ཤུལ་ལས་ འབྲུག་ཁྲིམས་དོན་དང་ བཟའ་སྤྱོད་དབང་འཛིན་གྱིས་ འཕྲུལ་ཆས་ལག་ལེན་འཐབ་ནི་ལས་ བཀག་ཆ་འབད་ཡོདཔ་ད་ ཁྲིམས་དོན་འགོ་དཔོན་བསྟན་འཛིན་གྱིས་འབད་བ་ཅིན་ མི་ཚུ་གིས་ མོ་ཆུ་འཐུང་པའི་སྐོར་ལས་མ་ཤེས་ཟེར་ཨིན་པས།
ཁྲོམ་སྡེའི་བཟོ་རིག་འགོ་དཔོན་ སངས་རྒྱས་ལྷ་མོ་གིས་ སླབ་མིའི་ནང་ ལྕང་ཡུལ་ལུ་ འཐུང་ཆུའི་དཀའ་ངལ་མེད་པའི་ཁར་ བཀྲིས་སྐྱིད་ཚོང་ལས་ཀྱི་ ཁང་མིག་ནང་ སྡོད་མི་ཚུ་ལུ་ ཆུ་བཀྲམ་སྤེལ་ཐེབས་བྱིན་ཏེ་ཡོདཔ་ལས་ འཐུང་ཆུའི་དཀའ་ངལ་ཐོན་དགོཔ་མེད་ཟེར་ཨིན་པས།
སྤུ་ན་ཁའི་ རྫོང་བདག་ཀུན་བཟང་ཨེན་ཚེ་རིང་གིས་འབད་བ་ཅིན་ འཐུང་ཆུ་དང་ གློག་མེའི་དཀའ་ངལ་དེ་ ལྕང་ཡུལ་དང་ འཛོམས་གླིང་ཐང་ནང་ གནང་བ་མེད་པར་ བཟང་ཁང་དང་ ཚོང་བཙུགས་མི་ཚུ་ལུ་བརྟེན་ ཐོན་ཡི་ཟེར་ཨིནམ་ད་ མ་གཞི་རྫོང་ཁག་གིས་ བཟང་ཁང་བཙུགས་ཆོག་མི་༡༡༨ ལུ་ གནང་བ་སྤྲོད་ཡོད་རུང་ ད་ལྟོ་བཟང་ཁང་༢༠༠ ལྷགཔ་ཅིག་འདུག་ཟེར་ སླབ་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment