གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནད་དོན་ཁག་༣ ལུ་བརྟེན་ ནང་འཁོད་ ཚོད་བསྲེ་ཚོང་འབྲེལ་ལུ་བར་ཆད།

༢༨/༡༢/༢༠༡༢   ༉ སོ་ནམ་ཚོང་ལས་དང་མཉམ་འབྲེལ་ལས་ཁུངས་ཀྱིས་ རྒྱལ་ཁབ་ཀྱི་རྫོང་ཁག་༥ ནང་ ནང་འཁོད་ཀྱི་ ཚོད་བསྲེ་ཐོན་སྐྱེད་ལུ་ ངོས་ལེན་ཡོད་རུང་ གོང་ཚད་དང་ སྤུས་ཚད་མི་ལྡན་པའི་ཁར་ དུས་ཚོད་ཁར་བཀྲམ་སྤེལ་འབད་མ་ཚུགས་མི་ལུ་བརྟེན་ འབྲེལ་ཡོད་ ཚོང་འབྲེལ་བ་ཚུ་གིས་ ནང་འདྲེན་འབད་ནི་ལུ་ གདམ་ཁ་རྐྱབ་ནུག་ཟེར་ཨིན་པས།


དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༢༤ ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ སྙན་ཞུ་གསལ་སྟོན་འབད་མི་དང་འཁྲིལཝ་ད་ ཐིམ་ཕུ་དང་ སྤ་རོ་ སྤུ་ན་ཁ་ ཧཱ་ དེ་ལས་ དབང་འདུས་རྫོང་ཁག་༥ ནང་ ནང་འདྲེན་འབད་མི་དང་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་དང་ ཤ་ དེ་ལས་ ཤིང་འབྲས་ཀྱི་རིགས་ཚུ་ནང་ འབྲེལ་བ་སྦོམ་སྦེ་འཐབ་མི་ ཚོང་ཁང་ སློབ་གྲྭ་ སློབ་སྦྱོང་སྤེལ་ཁང་ དེ་ལས་ བཟའ་ཁང་བསྡོམས་༧༦ དང་གཅིག་ཁར་ གྲོས་བསྡུར་འབད་ཐོག་ལས་ ཞིབ་འཚོལ་ཚུ་ འབད་ཡོདཔ་ཨིན་པས།
ཞིབ་འཚོལ་འབད་དགོ་མིའི་ གནད་དོན་གཙོ་བོ་ར་ རྒྱལ་ཁབ་ནང་འཁོད་ལས་ཐོན་མི་ ཚོད་བསྲེ་དང་ ནང་འདྲེན་འབད་མི་ཚོད་བསྲེ་གཉིས་ཀྱི་ ཚོང་འབྲེལ་སྐོར་ལས་ སྤྱིར་བཏང་མི་མང་ལུ་ གསལ་བསྒྲགས་འབད་བའི་ཁར་ དམིགས་བསལ་གྱི་ མི་སེར་སོ་ནམ་པ་ཚུ་གིས་ ཚོད་བསྲེ་ལུ་ གཙོ་རིམ་བཟུང་སྟེ་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ཐབས་ལུ་ ཨིན་ཟེར་ཨིན་པས།
དཔེ་འབད་བ་ཅིན་ བཟའ་ཁང་སྦོམ་ཚུ་ནང་ ནང་འཁོད་ལས་ཐོན་མི་ཚོད་བསྲེ་ ཉོ་ཚོང་འབད་ནིའི་དུས་ཚོད་ངོ་མ་དེ་ སྤྱི་ཟླ་༣ པ་ལས་༥ པ་ཚུན་དང་ སྤྱི་ཟླ་༩ པ་ལས་༡༡ ཚུན་ཨིནམ་ད་ ཉོ་ཚོང་ཆུང་ཀུ་སྦེ་འཐབ་མི་ཚུ་གིས་ སྤྱི་ཟླ་༦ པ་ལས་༨ པ་ཚུན་དང་ སྤྱི་ཟླ་༡༢ པ་ལས་༢ པ་ཚུན་ འབད་དོ་ཡོདཔ་ཨིན་པས།
སློབ་གྲྭ་ཁག་དང་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་འབད་བ་ཅིན་ དུས་རྒྱུན་དུ་ ཚོད་བསྲེ་དང་ ཤའི་རིགས་ཚུ་ ཉོ་ཚོང་འཐབ་དོ་ཡོད་པའི་ཁར་ སློབ་གྲྭ་ཚུ་ནང་ སྤྱི་ཟླ་༡༢ པ་ལས་༢ པ་ཚུན་ ངལ་གསོ་བཞག་པའི་སྐབས་ལུ་ བཀག་དམ་འབད་དོ་ཡོདཔ་ཨིན་པས།
དབང་འདུས་རྫོང་ཁག་ རང་བཞིན་སླར་འབྱུང་ཐོན་སྐྱེད་ སློབ་སྦྱོང་སྤེལ་ཁང་དང་ ཨྱོན་རིག་པའི་འབྱུང་གནས་སློབ་གྲྭ་༢ ནང་འབད་བ་ཅིན་ ནང་འཁོད་ཐོན་སྐྱེད་ཚུ་ ལག་ལེན་འཐབ་ནི་མེན་པར་ ཐད་ཀར་དུ་ ནང་འདྲེན་འབད་མི་ཁག་འབགཔ་ལས་ ལེན་དོ་ཡོདཔ་ཨིན་པས།
རྫོང་ཁག་ཚུ་གི་གྲས་ལས་ ཚོད་བསྲེ་དང་ ཤིང་འབྲས་ དེ་ལས་ ཤའི་རིགས་ ཚོང་འབྲེལ་འཐབ་མི་མང་ཤོས་ ཐིམ་ཕུ་རྫོང་ཁག་ནང་ཨིནམ་ད་ དེ་ཡང་ བདུན་ཕྲག་རེ་ནང་ རྫོང་ཁག་ནང་ ཚོད་བསྲེ་མེ་ཊིག་ཊཱོན་༩.༦༥ ཤིང་འབྲས་མེ་ཊིག་ཊཱོན་༡.༨༤ དེ་ལས་ ཤའི་རིགས་ མེ་ཊིག་ཊཱོན་༡.༩༥ རེ་ཚོང་འབྲེལ་འཐབ་དོ་ཡེདཔ་ད་ སྤུ་ན་ཁ་རྫོང་ཁག་ནང་ ཚོད་བསྲེ་མེ་ཊིག་ཊཱོན་༩.༡༧ ཤིང་འབྲས་མེ་ཊིག་ཊཱོན་༡.༩ དེ་ལས་ ཤའི་རིགས་ མེ་ཊིག་ཊཱོན་༡.༦༨ རེ་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དབང་འདུས་རྫོང་ཁག་ནང་ ཚོད་བསྲེ་མེ་ཊིག་ཊཱོན་༥.༨༢ ཤིང་འབྲས་མེ་ཊིག་ཊཱོན་༠.༣༩ དེ་ལས་ ཤའི་རིགས་ མེ་ཊིག་ཊཱོན་༠.༤༤རེ་དང་ ཧཱ་རྫོང་ཁག་ནང་ ཚོད་བསྲེ་མེ་ཊིག་ཊཱོན་༤.༥༧ ཤིང་འབྲས་མེ་ཊིག་ཊཱོན་༠.༡༨༤ དེ་ལས་ ཤའི་རིགས་ མེ་ཊིག་ཊཱོན་༡.༢༧ རེ་དང་ སྤ་རོ་རྫོང་ཁག་ནང་ ཚོད་བསྲེ་མེ་ཊིག་ཊཱོན་༤.༠༢ ཤིང་འབྲས་མེ་ཊིག་ཊཱོན་༡.༨༨ དེ་ལས་ ཤའི་རིགས་ མེ་ཊིག་ཊཱོན་༠.༨༥ རེ་ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
རྫོང་ཁག་༥ ནང་ བདུན་ཕྲག་རེ་ལུ་ ཚོད་བསྲེ་མེ་ཊིག་ཊཱོན་༣༣.༢༣ དང་ ཤིང་འབྲས་མེ་ཊིག་ཊཱོན་༦.༡༩༤ དེ་ལས་ ཤའི་རིགས་ མེ་ཊིག་ཊཱོན་༦.༡༩ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ མི་མང་གི་ཤེས་རྟོགས་བྱུང་མི་ལུ་ བཟའ་ཁང་སྦོམ་དང་ སློབ་སྦྱོང་སྤེལ་ཁང་ དེ་ལས་ ཚོད་བསྲེ་ཁག་འབགཔ་ འགན་འཛིན་འབད་མི་ཚུ་གིས་ ནང་འཁོད་ལས་ཐོན་མི་ཚོད་བསྲེ་དང་ ཤིང་འབྲས་ལུ་ མཁོ་འདོད་བསྐྱེད་དོ་ཡོདཔ་ཨིན་པས།
མི་སེར་སོ་ནམ་པ་གིས་ རིན་དངུལ་དུས་ཚོད་ཁར་སྤྲོད་མི་དང་ གོང་ཚད་རན་ཏོག་ཏོ་ དེ་ལས་ ཚོད་བསྲེ་རིགས་ཚུ་ མཁོ་འདོད་བསྐྱེད་མི་དང་འཁྲིལ་ སྤྲོད་མི་ཚུ་ལུ་ ངོས་ལེན་སྦོམ་འབད་ཡོདཔ་ད་ ཁག་འབགཔ་འགན་འཛིན་འབད་མི་༧༦ གིས་ གོང་འཁོད་དང་འཁྲིལ་ མི་སེར་སོ་ནམ་པ་ཚུ་གིས་ བཀྲམ་སྤེལ་འབད་ཚུགས་པ་ཅིན་ གན་རྒྱ་བཟོ་སྟེ་ ཚོད་བསྲེ་དང་ཤིང་འབྲས་ཚུ་ ལེན་ནི་ཨིན་པས།
ཞིབ་འཚོལ་འབད་བའི་སྐབས་ ལས་ཁུངས་ཀྱིས་ ནང་འཁོད་ལས་ཐོན་མི་ཚོད་བསྲེ་ཚུ་ ཁག་འབགཔ་འགན་འཛིན་པ་ཚུ་གིས་ མི་སེར་སོ་ནམ་པ་ཚུ་དང་ འབྲེལ་བ་མ་འཐབ་པར་ ད་ཚུན་ ནང་འདྲེན་འབད་མི་དེ་ ལེན་ཐོག་ལས་ གཙོ་བོར་བཏོན་སྡོད་ནུག་ཟེར་བཀོད་ནུག།
གནད་དོན་དེ་ཡང་ ནང་འཁོད་ལས་ ཐོན་མི་ཚོད་བསྲེ་གི་ གོང་ཚད་མཐོ་སུ་སྦེ་ཡོདཔ་ལས་ ནང་འདྲེན་འབད་མི་ཚོད་བསྲེ་གི་རིགས་ཚུ་ གོང་ཚད་རན་ཏོག་ཏོ་སྦེ་ ཡོད་ནི་དེ་གིས་ཨིནམ་མ་ཚད་ ཁག་འབགཔ་འགན་འཛིན་འབད་མི་ཚུ་གིས་ བཟའ་ཁང་དང་ སྦྱོང་བརྡར་སྤེལ་ཁང་ཚུ་ལུ་ དགོས་མཁོ་དང་བསྟུན་ ནང་འཁོད་ལས་ཐོན་མི་ཚོད་བསྲེ་ཚུ་ སྤྲོད་མ་ཚུགསཔ་ལས་བརྟེན་ ཨིན་མས་ཟེར་ཨིན་པས།
ཚོད་བསྲེ་ཚུ་ དུས་ཚོད་ཁར་བཀྲམ་སྤེལ་འབད་མ་ཚུགསཔ་མ་ཚད་ མི་སེར་སོ་ནམ་པ་ཚུ་གིས་ ཡུན་བརྟན་ལུ་མ་བལྟ་བར་ དུས་ཡུན་ཐུང་ཀུ་ལུ་ལྟ་སྟེ་ གོང་ཚད་སྦོམ་གནས་མི་ ཚོད་བསྲེ་གི་ཐོན་སྐྱེད་འབད་མ་ཚུགསཔ་ལས་ སྦྱོང་བརྡར་སྤེལ་ཁང་དང་ སློབ་གྲྭ་ཚུ་ནང་ མ་དངུལ་མ་ལང་པའི་དཀའ་ངལ་ཡོད་ནི་དེ་གིས་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་དང་ ཤིང་འབྲས་ཚུ་ ཉོ་ཚོང་འཐབ་མ་ཚུགས་པའི་ དཀའ་ངལ་ཨིནམ་སྦེ་ གསལ་སྟོན་འབད་ཡོདཔ་ཨིན་པས།
ལས་ཁུངས་ཀྱིས་ གྲོས་བསྟུན་འབད་མི་དང་འཁྲིལ་བ་ཅིན་ ད་ཚུན་ མི་སེར་སོ་ནམ་པ་ཚུ་གིས་ ཚོད་བསྲེ་ཚུ་ ཚོང་འབྲེལ་འཐབ་པའི་སྐབས་ དོས་ཚུ་ ཚུལ་དང་མཐུནམ་སྦེ་མ་བཞག་ གཙང་སྦྲ་དང་ལྡན་ཏོག་ཏོ་མེདཔ་མ་ཚད་ གོ་རིམ་ལེགས་ཤོམ་སྦེ་བསྒྲིགས་ཏེ་ བཞག་མ་ཚུགསཔ་ལས་ ནང་འདྲེན་འཐབ་མི་དང་ དོ་འགྲན་འབད་མ་ཚུགསཔ་ཨིན་པས།
མི་སེར་སོ་ནམ་པ་ཚུ་གིས་ བཟའ་ཁང་དང་ སྦྱོང་བརྡར་སྤེལ་ཁང་ཚུ་གི་ དགོས་མཁོ་དང་བསྟུན་ཏེ་ ཚོད་བསྲེའི་རིགས་ཚུ་ སྤུས་ཚད་ཅན་དང་ གོང་ཚད་ཡང་རན་ཏོག་ཏོ་ དེ་ལས་ དུས་ཚོད་ཁར་ བཀྲམ་སྤེལ་འབད་ཚུགས་པ་ཅིན་ རང་བཞིན་གྱིས་ སོ་ནམ་པའི་འོང་འབབ་དེ་ ཡར་སྐྱེད་གཏང་ནི་ལུ་ ཁེ་ཕན་འབྱུང་ནི་ཨིན་པའི་ གསལ་སྟོན་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment