གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཁོར་ལམ་ལུ་བརྟེན་ སྐྱེངས་མཁར་ལུ་ འཚོ་བའི་གནས་སྟངས་ཡར་དྲག།

༢༤/༡༢/༢༠༡༢   ༉ སྐྱེས་ལོ་༢༧ ལང་མི་ འཇིགས་མེད་ཆོས་སྒྲོན་གྱིས་ ད་རིས་བཟུམ་མའི་ གནམ་དགུན་གྱི་ དུས་ཚོད་ནང་ མོང་སྒར་སྐྱེངས་མཁར་ལུ་ གྱང་ཤུགས་ག་དེམ་ཅིག་ཆེ་རུང་ མོ་རའི་ཨ་ལུ་ ཟླཝ་༣ ལང་མི་བུམོ་དེ་ སྒལ་པར་འབག་སྟེ་ ཚལ་ལུ་སྦོམ་ཆུང་སེལ་ཐོག་ལས་ ཙེའུ་ནང་བཙུགསཔ་ཨིན་པས།
བཟའ་ཚང་འཐུས་མི་ཅིག་གིས་ ཨེ་ཁུ་གུ་ལས་ཡར་འཛེགས་ཏེ་ ཚལ་ལུ་བཏོག་པའི་བསྒང་།


ཨ་ལུ་༣ གྱི་ཨའི་ འཇིགས་མེད་ཀྱིས་ གྱང་ཤུགས་ལུ་ འཚེར་སྣང་མེད་པར་ ཚལ་ལུའི་ལཱ་ལུ་ ཤུགས་བཏོན་མི་དེ་ཡང་ དངུལ་གྱི་འོང་འབབ་དེ་ མོ་རའི་སྒོའི་རྩ་བ་ལས་ བཟོ་ཚུགས་མི་ལུ་བརྟེན་ཨིན་པས།
དུས་ཅི་ལས་ སྐྱེངས་མཁར་གྱི་ གཡུས་ཚན་ནང་ འཁོར་ལམ་ལྷོད་ནི་དེ་གིས་ ས་གནས་ཀྱི་ སོ་ནམ་ཞིང་པ་ཚུ་ ཧེ་མ་བཟུམ་སྦེ་ ཚལ་ལུའི་ཁུར་ཆ་འབག་མི་ རྟ་དྲེལ་ཚུ་བདའ་སྟེ་ རྐང་སྟོང་འགྱོ་མ་དགོ་པར་ གཡུས་ཚན་དེ་ནང་ལས་ར་ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་ཊག་ཚུ་ནང་ སྐྱེལ་འདྲེན་འབད་ཚུགས་དོ་ཡོདཔ་ཨིན་པས།
ད་རེས་ནངས་པ་ ཚལ་ལུ་བཙོང་ནི་གི་ དུས་ཚོད་ཨིནམ་ལས་ སོ་ནམ་ཞིང་པ་ཚུ་གི་ སྡོད་ཁྱིམ་གྱི་ མཐའ་སྐོར་ལུ་ཡོད་མི་ ཚལ་ལུའི་ཤིང་ཚུ་གུ་ ཕོ་སྐྱེས་ཚུ་གིས་ ཨེ་ཁུ་ལག་ལེན་འཐབ་སྟེ་ འཛེགས་ཐོག་ལས་ ཚལ་ལུ་བཏོགས་དོ་ཡོདཔ་ད་ ཨམ་སྲུ་ཚུ་གིས་ ཨ་ལུ་ཚུ་འབག་སྟེ་ ཚལ་ལུ་སྦོམ་ཆུང་སེལ་བའི་ མཐོང་གསལ་བྱུངམ་མས།
འཇིགས་མེད་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ གཡུས་ཚན་དེ་ནང་ ཚལ་ལུའི་ཐོན་སྐྱེད་ག་དེ་ཅིག་ལེགས་རུང་ འཁོར་ལམ་མེད་མི་ལུ་བརྟེན་ ཉེ་འདབས་ཀྱི་ཁྲོམ་ པདྨ་དགའ་ཚལ་དང་ རྒྱལ་པོའི་ཞིང་ མོང་སྒར་ཁྲོམ་ཚུ་ནང་ བཙོང་ནིའི་དོན་ལུ་ ཉིན་ལམ་ལས་བཅད་དེ་ རྟ་ཚུ་བདའ་སྟེ་ ལམ་འགྱོ་དགོཔ་ལས་ དཀའ་སྡུག་སྦོམ་འབྱུང་ནི་ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ས་ཐག་རིང་སར་ ཚལ་ལུ་བཙོང་པར་ འབག་ནི་ལུ་ ཉམས་འཚེར་ཏེ་ ཚལ་ལུ་ཚུ་ ལྡུམ་ར་ནང་ར་ ལུས་ནི་ཡོདཔ་ཨིན་རུང་ ད་རིས་འབད་བའི་བསྒང་ལས་ འཁོར་ལམ་ཁྱིམ་གྱི་ རྩ་བར་ལྷོད་ནི་དེ་གིས་ མོ་ར་རྐྱངམ་གཅིག་མིན་པར་ ཁྱིམ་ཚང་གཞན་ཚུ་ཡང་ དངུལ་རྐྱང་གི་ འབབ་ཁུངས་ལུ་བལྟ་སྟེ་ ཚལ་ལུ་ཕུད་རྡོག་༡ ཡང་ ཤིང་ཐོག་ཁར་ མ་བཞག་པར་ ཚོང་འབྲེལ་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་དེ་ཡོད་ཟེར་ཨིན་པས།
ཨིན་རུང་ འཇིགས་མེད་ཀྱིས་ དུས་ཅི་ ཚལ་ལུའི་འོང་འབབ་སྦོམ་ཅིག་ བཟོ་མ་ཚུགས་མི་དེ་ཡང་ ཆར་ཆུ་དཀོན་མི་ལུ་བརྟེན་ ཚལ་ལུའི་རྡོག་མ་ལེགས་ཤོམ་མེད་ནི་དེ་གིས་ཨིནམ་ད་ མོ་གིས་ ཚལ་ལུ་གྲངས་༨༠ རེ་ཡོད་མི་ པཱོན་རེ་ལུ་ དངུལ་ཀྲམ་༧༠ རེ་སྦེ་བཙོང་སྟེ་ ཚལ་ལུ་ཤིང་༡༠ དེ་ཅིག་ལས་ འོང་འབབ་དངུལ་ཀྲམ་༥,༠༠༠ དེ་ཅིག་ བཟོ་ཚུགས་ཡོདཔ་ཨིན་པས།
ད་རུང་ སྐྱེས་ལོ་༥༤ ལང་མི་ པདྨ་དབང་དྲག་ལུ་ ཚལ་ལུ་ཤིང་༡༠༠ ལྷགཔ་ཅིག་ཡོདཔ་ད་ ཧེ་མར་ འཁོར་ལམ་མེད་པའི་སྐབས་ ཚལ་ལུ་ཚུ་ རྟ་དྲེལ་༡༠ དེ་ཅིག་གིས་ ཉེ་འདབས་ཀྱི་ ཁྲོམ་ཚུ་ནང་ སྐྱེལ་འདྲེན་འབད་ཐོག་ལས་བཙོངམ་ད་ ལཱ་ལྟོ་ཆག་ཡོདཔ་མ་ཚད་ ལམ་བདའ་སྟེ་ ཚལ་ལུ་ཚུ་ཡང་ མེདཔ་འགྱོ་ནི་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
པདྨ་དབང་དྲག་གིས་འབད་བ་ཅིན་ ད་ལས་ཕར་ ཚལ་ལུ་ཕུད་རྡོག་གཅིག་ཡང་ མེདཔ་འགྱོ་མ་བཅུག་པར་ སྣུམ་འཁོར་ནང་ སྐྱེལ་འདྲེན་ཐོག་ ཚོང་འབྲེལ་འཐབ་ཚུགས་དོ་ཡོདཔ་ལས་ ཚལ་ལུ་ལས་བརྟེན་ དངུལ་རྐྱང་གི་ འོང་འབབ་སྦོམ་འབད་ར་ བཟོ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ན་ཧིང་ ཁོ་གིས་ ཚལ་ལུ་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༡༠,༠༠༠ དེ་ཅིག་ བཟོ་ཡོདཔ་ད་ དུས་ཅི་ ཐོན་ཤུགས་ལེགས་ཤོམ་མེད་ནི་དེ་གིས་ འབབ་ཁུངས་དངུལ་ཀྲམ་༨,༠༠༠ དེ་ཅིག་ལུ་ མར་འབབ་འགྱོ་ནི་བཟུམ་ཡོད་ཟེར་ཨིན་པས།
སྐྱེངས་མཁར་ལས་ ཕུན་ཚོགས་གླིང་ལུ་ ཚལ་ལུ་བཙོང་པར་འབག་མི་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གིས་ འདས་པའི་བདུན་ཕྲག་ནང་ ཕུནཚོགས་གླིང་ལུ་ ཚལ་ལུ་སྣུམ་འཁོར་ཊཱག་དོས་༡ འབག་མི་དེ་གིས་ དངུལ་ཀྲམ་༡༠༠,༠༠༠ ལྷགཔ་ཅིག་ཐོབ་ཅི་ཟེར་ཨིན་པས།
ན་ཧིང་ ཚལ་ལུ་བཙོང་སྟེ་ དངུལ་ཀྲམ་༣༠,༠༠༠ ཐོབ་མི་ སོ་ནམ་པ་རིན་ཆེན་གྱིས་ སླབ་མིའི་ནང་ དུས་ཅི་ འོང་འབབ་དངུལ་ཀྲམ་༦༠,༠༠༠ དེ་ཅིག་ འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སྐྱེངས་མཁར་གྱི་ རྒཔོ་ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་ལས་ ལོ་བསྟར་བཞིན་དུ་ ཚལ་ལུ་སྣུམ་འཁོར་ཊཱག་དོས་༡༥ དེ་རེ་ བཙོང་དོ་ཡོདཔ་མ་ཚད་ གྲོང་གསེབ་མི་སེར་ཚུ་ལུ་ ཤིང་ཐོག་འཛིན་སྐྱོང་གི་ སྦྱོང་བརྡར་ཡང་ བྱིན་ཡོདཔ་ལས་ ད་ལས་ཕར་ ཚལ་ལུའི་ཐོན་སྐྱེད་ཡར་སེང་ཐོག་ འཚོ་བའི་གནས་སྟངས་ ལེགས་བསྒྱུར་འགྱོ་ནི་གི་ རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།


 
མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment