གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་ལུ་ ཨ་ལུ་ཚུ་ རྩེདམོ་རྩེ་སའི་ ས་གོ་ཚུལ་ལྡན་ཅིག་མེདཔ།

༢༧/༡༢/༢༠༡༢    ༉ བུམ་ཐང་ལྕམ་མཁར་ཁྲོམ་གྱི་སྦུག་ལུ་ ས་ཆ་ཕིཊ་གྲུ་བཞི་༤༠༠ ལྷགཔ་ཅིག་ ཨ་ལུའི་རྩེད་ཐང་ངམ་ གླིང་ཀ་བཟོ་ནི་གི་དོན་ལུ་ བཞག་ཡོདཔ་ཨིན་རུང་ ས་ཁོངས་དེ་ ད་ལྟོ་ ག་ནི་ཡང་ བཟོ་མ་ཚུགས་པའི་ཁར་ གོང་འཕེལ་གཏང་ནི་གི་ འཆར་གཞི་ཡང་མེདཔ་ཨིན་པས།
ཨ་ལུའི་རྩེད་ཐང་གི་དོན་ལུ་ ངོས་འཛིན་འབད་མི་ས་ཁོངས།


བུམ་ཐང་རྫོང་རབ་ བསོད་ནམས་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྩེད་ཐང་དེ་གི་དོན་ལུ་ རྫོང་ཁག་ལུ་ མ་དངུལ་ལོགས་སུ་སྦེ་ བཞག་བཞགཔ་མེད་པའི་ཁར་ ད་ལྟོ་ འཆར་གཞི་ཡང་ ག་ནི་ཡང་ བརྩམས་ཏེ་མེདཔ་ཨིན་རུང་ རྫོང་ཁག་གིས་ སང་ཕོད་ཀྱི་ འཆར་གཞི་ནང་བཙུགས་ཏེ་ ལཱ་འབད་འོང་ཟེར་ཨིན་པས།
རྫོང་ཁག་གྲོང་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ ས་ཁོངས་དེ་ནང་ ཧེ་མ་འབད་བ་ཅིན་ མ་ཎི་དུང་འཁོར་ཅིག་རྐྱབ་སྟེ་ མཐའ་འཁོར་ལུ་ ཨ་ལུ་ཚུ་ རྩེད་ནི་གི་ རྩེད་ཆས་བཟོ་ནི་དང་ ཐང་ནང་ རྩྭ་བཙུགས་ནི་གི་ འཆར་གཞི་ཡོད་རུང་ ད་ལྟོ་ག་ནི་ཡང་ འཆར་གཞི་མིན་འདུག་ཟེར་ཨིན་པས།
ཁྲོམ་སྡེའི་འཐུས་མི་ ཀརྨ་ལེགས་ལྡན་གྱིས་ རྩེད་ཐང་དེ་གི་དོན་ལུ་ རྫོང་ཁག་ལས་ མ་དངུལ་མེད་པའི་ཁར་ ཕྱི་ཁ་ལས་ གྲོགས་རམ་འབད་མི་ཡང་མེདཔ་ལས་ དེ་སྦེ་ ལུས་ཏེ་ཡོདཔ་ཨིན་རུང་ ད་རེས་ཀྱི་ ཟླ་མཇུག་ལུ་ སོ་ནམ་དང་ ནགས་ཚལ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་ རྫོང་ཁག་ནང་བྱོནམ་ད་ གྲོས་བསྟུན་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ཐང་དེ་ནང་ རྩེད་ཆས་ག་ནི་ཡང་མེདཔ་ལས་ ལྕམ་མཁར་ཁྲོམ་གྱི་ ཨ་ལུ་ཚུ་ ད་ལྟོ་ ཉེ་འདབས་ལུ་ཡོད་མི་ གླ་འཁོར་བཞག་སའི་ ས་ཁོངས་དང་ ཁྲོམ་གྱི་འཁོར་ལམ་བདའ་སྟེ་ རྩེད་ས་མཐོངམ་ཨིན་པས།
ལྕམ་མཁར་ཁྲོམ་ཁར་སྡོད་མི་ ཕམ་མང་ཤོས་ཀྱིས་ དུས་ཚེོད་དེམ་ཅིག་ཁར་ ཨ་ལུ་ཚུ་ ངལ་གསོ་འབད་ནི་དེ་གིས་ རྩེདམོ་རྩེ་ནི་ལུ་ སྤྲོ་བ་སྦོམ་ཡོད་རུང་མཐུན་རྐྱེན་མེད་མི་ལུ་བརྟེན་ འཁོར་ལམ་བདའ་སྟེ་ རྩེ་བའི་སྐབས་ལུ་ ཕར་ཚུར་འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཚུ་གིས་ འཐུ་བཀོག་ནི་དང་ བསྣད་ནི་གི་ཚ་གྱང་ལང་མས་ཟེར་ སླབ་ཨིན་པས།
ཁྲོམ་ཁར་ཚོང་ཁང་ཡོད་མི་ ཕམ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་རའི་ ཨ་ལུ་ཆུང་ཀུ་གཉིས་ལུ་ ཨ་རྟག་ར་ ཕྱི་ཁར་འགྱོཝ་ད་ ཁ་བཀོད་བྱིན་ཏེ་བཏང་དོ་ཟེར་ཨིནམ་ད་ ས་ཁོངས་ལག་ལེན་མེད་པར་ ལུས་ཡོདཔ་ལས  འབྲེལ་བ་ཡོད་མི་ཚུ་གིས་ མཐུན་རྐྱེན་བཙུགས་བྱིན་པ་ཅིན་ ཨ་ལུ་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ཨིན་པས།
ཨིན་རུང་ མཐུན་རྐྱེན་བཙུགས་ཏེ་འབད་རུང་ ག་བཟུམ་འོང་ནི་དང་ ནམ་བཟོ་ཚུགས་ག་ ད་ལྟོ་ སླབ་མི་ཤེས་ནི་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment