གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་ན་གཞོན་༧༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ།

༢༢/༡༢/༢༠༡༢   ༉ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ རྒྱལ་ཁབ་མཐའ་དབུས་མེད་པར་ འགོ་བཙུགས་མི་ ཁྲིམས་སྲུང་དང་ན་གཞོན་མཉམ་འབྲེལ་ལས་རིམ་ ཐེངས་༨ པའི་ནང་ སློབ་ཕྲུག་༧༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཀྲོང་གསར་ལུ་ བུཚ་༡༤ དང་ བུམོ་༡༦ གིས་ རས་བྱང་འབག་སྟེ་ ལམ་འགྲུལ་ཐོག་ལས་ ཁྲིམས་སྲུང་དང་ན་གཞོན་མཉམ་འབྲེལ་ལས་རིམ་ འགོ་བཙུགས་པའི་བསྒང་།


ལས་རིམ་དེ་གི་ཐོག་ལས་ སློབ་ཕྲུག་ན་གཞོན་ཚུ་གིས་ ཁྲིམས་དང་ ཉེས་ཆད་ དེ་ལས་ དགོངས་དོན་ཚུ་གི་སྐོར་ལས་ ཧ་གོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ཁྲིམས་འགལ་སྡེ་ཚན་གྱི་སྡེ་འཛིན་ དམག་སྲིད་འོག་མ་ ཚེ་རིང་དཔལ་འབྱོར་གྱིས་ སླབ་མིའི་ནང་ སློབ་ཕྲུག་ན་གཞོན་ཚུ་གིས་ ཁྲིམས་ཀྱི་གནད་དོན་ཚུ་ ལྷབ་སྦྱང་འབདཝ་དང་འབྲེལ་ཏེ་ ཁྲིམས་སྲུང་འགག་པ་མ་ལང་པའི་ དཀའ་ངལ་བྱུང་མི་ལུ་ ལྷན་ཐབས་འབད་ཚུགས་པས་ཟེར་ཨིན་པས།
དེ་མ་ཚད་ ཁྲིམས་ཀྱི་ལམ་ལུགས་ཚུ་ ཧ་གོ་ཞིནམ་ལས་ འགན་འཁྲི་ཅན་གྱི་ མི་ཁུངས་ཅིག་སྦེ་ འོང་ནི་ཨིནམ་ལས་ ཁྲིམས་འགལ་གྱི་ལཱ་ཚུ་ མར་ཕབ་རྐྱབ་ནི་ལུ་ ཁྱད་པར་བཟོ་ཚུགས་ཟེར་ ཁྲིམས་འགལ་སྡེ་ཚན་གྱི་ སྡེ་འཛིན་གྱིས་ སླབ་ཨིན་པས།
ཁྲིམས་སྲུང་དང་ན་གཞོན་མཉམ་འབྲེལ་ལས་རིམ་ནང་ བཅའ་མར་གཏོགས་མི་ སྐྱེས་ལོ་༡༤ ལང་མི་ ཤེས་རབ་དབང་མོ་གིས་ སླབ་མིའི་ནང་ མོ་རའི་ གནམ་དགུན་གྱི་ སློབ་གྲྭའི་ངལ་གསོ་དེ་ དོན་དང་ལྡན་སྦེ་ བཟོ་ནི་དང་ ཁྲིམས་སྲུང་འགག་པ་ལུ་ བརྡ་དོན་གནས་ཚུལ་ཚུ་བྱིན་ནི་གི་ གྲོགས་རམ་འབད་ནིའི་དོན་ལུ་ ལས་རིམ་ནང་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
ད་རུང་ བཅའ་མར་གཏོགས་མི་གཞན་ སྐྱེས་ལོ་༡༦ ལང་མི་ ཕུར་པ་རྒྱ་མཚོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་རིམ་ནང་ བཅའ་མར་གཏོགས་པའི་རིང་ལུ་ ཁྲིམས་སྲུང་འགག་པ་ ཉུང་སུ་ཅིག་ལས་མེད་པའི་ ས་ཁོངས་ཚུ་ནང་ ཆ་རོགས་འབད་ནི་ཨིནམ་མ་ཚད་ དུས་སྟོན་བརྩི་སྲུང་ཚུ་གི་སྐབས་ལུ་ མི་མང་གི་དཀའ་ངལ་ཚུ་ སེལ་ཐབས་འབད་ནི་ཨིནམ་ད་ གཙོ་བོ་ ང་རའི་ གནམ་དགུན་གྱི་ངལ་གསོ་དེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ཚུགསཔ་སྦེ་ བཟོ་ནི་ཨིན་ཟེར་ ཁོ་གིས་ སླབ་ཨིན་པས།
ཉིན་གྲངས་༡༥ འབད་མི་ ལས་རིམ་ནང་ སློབ་ཕྲུག་ན་གཞོན་ཚུ་གིས་ སྨྱོ་རྫས་དང་ ཁྲིམས་ འགལ་ གནད་དོན་དང་ ཁྲིམས་སྲུང་ནི་ ཨམ་སྲུ་དང་ཨ་ལུའི་ སྲུང་སྐྱོབ་དང་བདག་དབང་ མེ་རྐྱེན་གྱི་རྒྱུ་རྐྱེན་དང་ བཀག་ཐབས་འབད་ཐངས་ ན་གཞོན་ཁྲིམས་འགལ་དང་འབྲེལ་བའི་ཁྲིམས་ལུགས་ སྣུམ་འཁོར་ལྟ་རྟོག་ཁྲིམས་ལུགས་ དེ་ལས་ ནུབ་མོར་ འགག་སྡེའི་འགོ་དཔོན་ཚུ་དང་གཅིག་ཁར་ ལྟ་རྟོག་འབད་ནི་ཚུ་ནང་ བཅའ་མར་གཏོགས་ནི་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ལས་རིམ་དེ་གིས་ ན་གཞོན་ཚུ་ལུ་ དྲན་ཚོར་འབད་བཅུག་པ་གིས་མ་ཚད་ ལྕོགས་གྲུབ་དང་ལྡནམ་སྦེ་ བཟོ་ཚུགས་ཟེར་ཨིན་པས།
ཀྲོང་གསར་ལུ་ ཁྲིམས་སྲུང་དང་ན་གཞོན་མཉམ་འབྲེལ་ལས་རིམ་ ཐེངས་༤ པ་དེ་ སློབ་ཕྲུག་ན་གཞོན་༣༠ གིས་ རས་བྱང་འབག་དེ་ ལམ་འགྲུལ་འབད་ཐོག་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་དང་ན་གཞོན་མཉམ་འབྲེལ་ལས་རིམ་དེ་ འགོ་དང་པ་ སྤྱི་ལོ་༢༠༠༨ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ཚུན་གྱི་རིང་ སློབ་ཕྲུག་༢,༩༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment