གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ལོ་༢༠༡༢ ལུ་ ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་ནང་ གནས་ཚུལ་མཁནམ་༢༥ བསད་ཡོདཔ།

༣༡/༡༢/༢༠༡༢   འབྲུག་དང་ མཱལ་ཌིབསི་ ཤཱྲི་ལངྐ་རྒྱལ་ཁབ་ཚུ་ནང་ ཤི་རྐྱེན་བྱུང་པའི་ སྙན་ཞུ་མེདཔ་ཨིནརུང་ གནོད་ཉེན་ཡར་སེང་འགྱོ་བའི་མངོན་གསལ།
༉ ཁ་ཙ་ ཐིམ་ཕུ་ལུ་ ལྷོ་ཨེ་ཤི་ཡའི་ བརྡ་བརྒྱུད་དལ་དབང་ལས་ཚོགས་ཀྱི་ འབྲུག་ཡན་ལག་ཡིག་ཚང་གི་ འགོ་འདྲེན་ཐོག་ ལས་ཚོགས་ཀྱི་ འཐུས་མི་དང་ ཡིག་ཚང་ལས་བྱེདཔ་ཚུ་གིས་ སྤྱི་ལོ་༢༠༡༢ ཀྱི་ ལྷོ་ཨེ་ཤི་ཡ་བརྡ་བརྒྱུད་སྙན་ཞུ་ གསར་བཏོན་འབད་མི་དེ་ནང་ འདས་པའི་ལོ་ངོ་༡ གི་རིང་ལུ་ ལུང་ཕྱོགས་ནང་ གནས་ཚུལ་མཁནམ་༢༥ བསད་ཡོདཔ་སྦེ་བཀོད་ནུག།


དེ་ཡང་ འབྲུག་གི་བརྡ་བརྒྱུདཔ་ཚུ་གིས་ རང་སོའི་སྒྲིག་གཡོག་ནང་ ཤི་རྐྱེན་བྱུང་མི་ གནས་ཚུལ་མཁནམ་ཚུ་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ དུས་ཡུན་སྐར་མ་༡ གི་རིང་ མྱ་ངན་འབད་ཡི།
སྙན་ཞུ་དེ་ ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ འཐུས་མི་རྒྱལ་ཁབ་༨ ཆ་མཉམ་ནང་ དུས་མཉམ་ལུ་ གསར་བཏོན་འབད་ཡོདཔ་བཞིན་དུ་ འབྲུག་ཡན་ལང་ཡིག་ཚང་གི་ ལྷོ་ཨེ་ཤི་ཡའི་ བརྡ་བརྒྱུད་དལ་དབང་ལས་ཚོགས་ཀྱི་གཙོ་འཛིན་ དངོས་གྲུབ་བཟང་པོ་གིས་ སྙན་ཞུ་གསར་བཏོན་གྱི་སྐབས་ འབྲུག་ལུ་ དེ་བཟུམ་མའི་ རྐྱེན་ངན་ཚུ་ མ་བྱུངམ་ལས་ སྐལ་བ་བཟང་ཡོད་རུང་ གསར་ཤོག་དང་ རྒྱང་བསྒྲགས་ རྒྱང་མཐོང་ཚུ་ནང་ ལཱ་འབད་མི་ གནས་ཚུལ་མཁནམ་ཚུ་ལུ་ ཉིན་བསྟར་གྱི་ཁྱད་རིག་དང་འབྲེལ་བའི་ ལཱ་འབདཝ་ད་ མི་ངོ་རྐྱང་དང་ ལས་སྡེ་ཚུ་ལས་ འཇིགས་སྐྲག་སྟོན་མི་ཚུ་ལུ་ གདོང་ལེན་འབད་དགོཔ་ ཐོན་ཡོད་ཟེར་སླབ་ཅི།
ལྷོ་ཨེ་ཤི་ཡ་བརྡ་བརྒྱུད་ལྷན་ཚོགས་ཀྱིས་བཏོན་མི་ བརྡ་བརྒྱུད་ལྟ་རྟོག་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ལུ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ བརྡ་བརྒྱུད་ལས་ཁང་ཚུ་ནང་ གནས་ཚུལ་མཁནམ་༢༥ དམར་བསད་འབད་ཡོད་མིའི་གྲས་ལས་ པ་ཀིསི་ཏཱན་ལུ་ ༡༣ བསད་མི་དེ་ མཐོ་ཤོས་ཅིག་ཨིན་པས།
དེ་གི་ཤུལ་ལས་ར་ རྒྱ་གར་ གནས་ཚུལ་མཁནམ་༥ དང་ བང་ལ་དེཤི་ལུ་༣ དེ་ལས་ ནེ་པཱལ་དང་ ཨཱཕི་གཱ་ནིསི་ཏཱན་ལུ་ གནས་ཚུལ་མཁནམ་༢ རེ་ དམར་བསད་ཡོདཔ་ཨིན་པས།
འབྲུག་དང་ ཤཱཱྲི་ལངྐ་ མཱལ་ཌིབསི་རྒྱལ་ཁབ་ཚུ་ནང་ གནས་ཚུལ་མཁནམ་ ཕུད་རྡོག་གཅིག་ལུ་ཡང་ ཤི་རྐྱེན་མ་བྱུངམ་ཨིན་རུང་ ཁྱད་རིག་གི་ཐོག་ལས་ ལཱ་འབདཝ་ད་ གནོད་ཉེན་དང་ དཀའ་ངལ་ཚུ་ བྱུངམ་བྱུང་ས་ར་འདུག་ཟེར་ སྙན་ཞུའི་ནང་བཀོད་ནུག།
འཛམ་གླིང་སྤྱི་ཚོགས་ཉེན་སྲུང་ལྷན་ཚོགས་ལས་སྡེ་གིས་ ཉེན་འཚུབས་ཅན་གྱི་ ས་ཁོངས་ཚུ་ནང་ ལཱ་འབད་མི་ གནས་ཚུལ་མཁནམ་ཚུ་ལུ་ ཉེན་སྐྱོབ་འབད་ཐབས་ལུ་ སྤྱི་ལོ་༢༠༠༦ ལུ་ གྲོས་ཆོད་ཨང་༡༧༣༨ ཆ་འཇོག་འབད་ཡོདཔ་ཨིན་རུང་ གནས་ཚུལ་མཁནམ་ཚུ་ལུ་ གནོད་འཚེ་དང་ རྩུབ་སྤྱོད་ ཕྱི་གཟུགས་ཀྱི་ འདྲོག་འཇིགས་བྱིན་ནི་ཚུ་ དཀའ་ངལ་ཅན་ཅིག་སྦེ་ར་ གནས་ཏེ་ཡོདཔ་མ་ཚད་ ལུང་ཕྱོགས་ཀྱི་རྒྱལ་ཁབ་ མང་ཤོས་ཅིག་ནང་ བསམ་བཤད་དལ་དབང་ཚུ་ལུ་ ཉེན་འཚུབས་སྦོམ་སྦེ་ར་ གནས་ཏེ་ཡོད་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ སཱག་རྒྱལ་ཁབ་༨ ག་རའི་ནང་ བརྡ་བརྒྱུད་ཀྱི་དབང་ཆ་ལུ་ ལོག་སྤྱོད་འབད་བའི་ གནད་དོན་ཚུ་ཡང་ བཀོད་དེ་ཡོདཔ་མ་ཚད་ བརྡ་བརྒྱུད་དལ་དབང་གི་ སྤྱིར་བཏང་གནས་སྟངས་དང་ རྒྱལ་ཁབ་ཚུ་ནང་ བརྡ་བརྒྱུད་དང་འབྲེལ་བའི་ གནས་དོན་ཚུ་ཡང་ བཀོད་ནུག།
ཉེན་འཚུབས་ཀྱི་གནས་སྟངས་ རྒྱ་ཆེ་དྲགས་སྦེ་ ཐོན་དོ་ཡོད་པའི་ བ་ལུ་ཅིསི་ཏཱན་དང་ པ་ཀིསི་ཊཱན་གྱི་ བྱང་ཕྱོགས་ས་གནས་ཚུ་ནང་ རྒྱལ་ཁབ་ཀྱི་ ངོ་རྒོལ་ལས་རིམ་ཚུ་ལུ་བརྟེན་ བྱ་སྟབས་མ་བདེཝ་ སྦོམ་སྦེ་ར་ བྱུང་ཡོདཔ་བཞིན་དུ་ མ་འགྲིགསཔ་བྱུང་་མི་ སྡེ་ཚན་ཚུ་གི་བར་ན་ གནས་ཚུལ་བསྡུ་འགོདཔ་ཚུ་ ཉེན་ཁ་ཅན་གྱི་ཐོག་ལུ་ ལཱ་འབད་དགོཔ་ལས་ གནས་ཚུལ་མཁནམ་༡༣ ས་གནས་དེ་ཚུ་ནང་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
རྒྱ་གར་ལུ་ ཚོང་འབྲེལ་གྱི་ ཨུ་ཚུགས་འཕྲོ་མཐུད་དེ་ བྱུང་ཡོདཔ་མ་ཚད་ གནས་ཚུལ་མཁནམ་༥ དམར་བསད་འབད་མི་གིས་ གནས་ཚུལ་བསྡུ་འགོདཔ་ཚུ་གི་དཀའ་ངལ་ གསལ་སྟོན་འབད་དོ་ཡོདཔ་ད་ དཀའ་ངལ་ཐོནམ་འཐོན་ས་ར་སྡོད་མི་ ཀཱཤི་མིར་བཟུམ་མའི་ ས་ཁོངས་ཚུ་ནང་ ཉེན་ཁ་ཚུ་ སྦོམ་སྦེ་ར་ཡོདཔ་ཨིན་པས།
དེ་ལས་ རྒྱ་གར་གྱི་ བྱང་ཤར་མངའ་སྡེ་ཚུ་ནང་ གནས་ཚུལ་མཁནམ་ཚུ་གིས་ གནས་ཚུལ་ཚུ་ དྲང་སྙོམས་དང་ ཕྱོགས་ལྷུང་མེད་པར་ གསལ་བཀོད་འབད་ནིའི་ནང་ སྲུང་སྐྱོབ་ལས་སྡེ་དང་ མཱ་འོསི་ངོ་རྒོལ་སྡེ་ཚན་གཉིས་ཆ་རའི་ཁ་ཐུག་ལས་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ཨིན་པས།
བང་ལ་དེཤི་ལུ་ སྲིད་དོན་གནས་སྟངས་ལུ་བརྟེན་ སྲིད་དོན་པ་དང་ གནས་ཚུལ་མཁནམ་ཚུ་གི་བར་ན་ འཆམ་མ་ཚུགས་པར་ཡོདཔ་ད་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་རན་དོ་ཡོདཔ་ལས་ རྒྱལ་ཁབ་ཀྱི་ སྲིད་དོན་ཚོགས་པ་གཙོ་ཅན་ཚུ་གིས་ བརྡ་བརྒྱུད་དབང་གནོན་འབད་ནི་གི་ དཔའ་བཅམ་མི་ལུ་བརྟེན་ གནས་ཚུལ་མཁནམ་༣ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
སྙན་ཞུའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ནེ་པཱལ་ལུ་ སྲིད་དང་ བརྡ་བརྒྱུད་ཀྱི་ བྱ་སྟབས་མ་བདེཝ་ཚུ་ འཕྲོ་མཐུད་དེ་ར་ ཐོན་མི་ལུ་བརྟེན་ གནས་ཚུལ་མཁནམ་གི་ དལ་དབང་དང་ བསམ་བཤད་དལ་དབང་ དེ་ལས་ བརྡ་དོན་དལ་དབང་ཚུ་ མར་ཉམས་འགྱོ་དོ་ཡོདཔ་མ་ཚད་ བརྡ་བརྒྱུད་ཚུ་ནང་ སྲིད་ཀྱི་རྒྱུད་བསྐུལ་དང་ འབྲེལ་གཏོགས་སྦོམ་སྦེ་ར་འདུག་ཟེར་ཨིན་པས།
ཨཱཕི་གཱ་ནིསི་ཏཱན་གྱི་ བརྡ་བརྒྱུད་ཚུ་ དཀའ་ངལ་ཅན་ཅིག་སྦེ་ར་ གནས་ཏེ་ཡོདཔ་ད་ གནས་ཚུལ་མཁནམ་ཅིག་ ཨོལ་ལྐོག་བཏོགས་ཏེ་ དམར་བསད་འབད་བའི་ཁར་ གཞན་མི་ཅིག་ འཁོར་ལམ་གྱི་ སྦོ་ལོགས་ཁར་ རྫས་བམ་གས་མིའི་ནང་ བསད་ཡོདཔ་ཨིན་པས།
འདས་པའི་ལོ་ངོ་བཅུ་ཕྲག་ནང་ ཨཱཕི་གཱ་ནིསི་ཏཱན་ལུ་ ཕྱི་རྒྱལ་གྱི་ གྲོགས་རམ་མ་དངུལ་ལུ་བརྟེན་ བརྡ་བརྒྱུད་དེ་ གོང་འཕེལ་སྦོམ་སྦེ་ར་ སོང་ཡོདཔ་ཨིན་རུང་ ད་རེས་ མ་དངུལ་གྲོགས་རམ་བྱིན་མི་མེད་པར་ དཀའ་ངལ་སྦོམ་སྦེ་ར་ ཐོན་ཏེ་ ཡོདཔ་ཨིན་པས།
དམག་འཁྲུག་འགོ་མ་བཙུགས་པའི་ཧེ་མར་ ཤྲཱི་ལངྐ་ལུ་ བརྡ་བརྒྱུད་ཀྱི་ དལ་དབང་དང་ བསམ་བཤད་འབད་ནིའི་ དལ་དབང་ཚུ་ ག་ནི་བ་ ལེགས་ཤོམ་ཡོད་པའི་ཁར་ བརྡ་བརྒྱུད་ཚུ་ཡང་ གོང་འཕེལ་སྦོམ་སྦེ་ར་ སོང་ཡོདཔ་ཨིན་པས།
ཨིན་རུང་ རྒྱལ་ཁབ་ཀྱི་ བྱང་ཕྱོགས་ས་གནས་ནང་ ད་རེས་ གཞིས་གསརཔ་བཅགས་པའི་བསྒང་དང་ བསྐྱར་གསོ་འབད་བའི་བསྒང་ཡོདཔ་ལས་ དེ་ནང་ ས་གནས་ཀྱི་ སྲུང་སྐྱོབ་འགོ་དཔོན་ཚུ་གིས་ གནས་ཚུལ་བསྡུ་ལེན་པ་ཚུ་ལུ་ དཀའ་ངལ་ཚུ་ བྱིན་དོ་ཡོདཔ་སྦེ་ སྙན་ཞུའི་ནང་བཀོད་ནུག།
ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ དངུལ་ཕོགས་ཚད་ལྡན་ཅིག་ལས་ ཐོབ་ནི་མེད་པའི་ཁར་ ལཱ་གི་གནས་སྟངས་ སྐྱོ་དྲགས་ཡོད་མི་དེ་གིས་ གནས་ཚུལ་མཁནམ་ཚུ་ལུ་ ཁྱད་རིག་གི་ ལཱ་འབད་ནི་ལུ་ བར་ཆད་བྱུང་དོ་ཡོདཔ་མ་ཚད་ འདི་བཟུམ་མའི་ གནས་སྟངས་ལུ་བརྟེན་ བརྡ་བརྒྱུད་དེ་ མར་ཉམས་འགྱོ་དོ་ཡོདཔ་ཨིན་པས།
ལུང་ཕྱོགས་ནང་ རྒྱལ་ཁབ་ཆུང་ཤོས་ འབྲུག་དང་ མཱལ་ཌིབསི་རྒྱལ་ཁབ་༢ ནང་ གོང་འཕེལ་ཅན་གྱི་ ཚོང་འབྲེལ་གཞི་རྟེན་མཁོ་ཆས་དང་ བརྡ་བརྒྱུད་ཐོག་ལུ་ ཚོང་བསྒྲགས་འབད་ནི་གི་ མ་དངུལ་ཉུང་སུ་ཅིག་ལས་བརྒལ་མེད་མི་ལུ་བརྟེན་ བརྡ་བརྒྱུད་གོང་འཕེལ་ལུ་ ཐོ་ཕོག་ཡོདཔ་སྦེ་ སྙན་ཞུའི་ནང་ བཀོད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment