གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྱིབ་ཀྱི་རྩྭ་གདན་ཐོག་ལུ་ རྩེད་འགྲན་འབད་ནིའི་ དང་འདོད་བསྐྱེད་མི་མངམ་ཡོདཔ།

༢༩/༡༢/༢༠༡༢   ༉ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ གྱིབ་ཀྱི་རྩྭ་གདན་གུ་ བདུན་ཕྲག་ལྷགཔ་ཅིག་ ན་གཞོན་ཚུ་གིས་ ཉིནམ་རེ་ཆད་མེད་པར་ ཕུཊ་བཱོལ་རྩེད་འགྲན་འབད་སར་ མཐོང་མི་དེ་ རྩེན་འགྲན་ལུ་ སྤྲོ་བ་བསྐྱེད་མི་མངམ་ཡོད་པའི་བརྡ་མཚོན་ཨིན་པས།
ན་གཞོན་ཚུ་གིས་ གྱིབ་གྱི་རྩྭ་གདན་གུ་ སྤྲོ་སྣང་ཅན་གྱི་སྒོ་ལས་ ཕུཊ་བཱོལ་རྩེད་འགྲན་འབད་བའི་བསྒང་།


དེ་ཡང་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ གྱིབ་ཀྱི་རྩྭ་གདན་དེ་ འགོ་འབྱེད་འབད་བའི་ཤུལ་ལུ་ རྩྭ་གདན་གྱི་ འཐུས་བཏབ་སྟེ་ རྩེད་འགྲན་འབད་ཆོག་པའི་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ ཉིན་གྲངས་༨ ཀྱི་ནང་འཁོད་ལུ་ སྤྲོ་བ་དང་ དང་འདོད་ཅན་གྱི་ ཕུཊ་བཱོལ་རྩེད་འགྲན་འབད་མི་ སྡེ་ཚན་༢༦ ཐོན་ཡོདཔ་ཨིན་པས།
སྡེ་ཚན་༢༦ གིས་ རྒྱལ་ཡོངས་རྩེད་ཐང་ནང་ རྩེད་འགྲན་འབད་ཡོདཔ་ལས་ ཉིན་གྲངས་༨ ཀྱི་ནང་འཁོད་ལུ་ འཐུས་དངུལ་ཀྲམ་༧༥,༠༠༠ བསྡུ་ལེན་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༣ སྤྱི་ཟླཝ་༡ པའི་བདུན་ཕྲག་དང་པ་ཚུན་ རྩེད་འགྲན་འབད་འདོད་ཡོད་མི་ཚུ་གིས་ ཐོ་བཀོད་འབད་ཡོདཔ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེ་ལས་ ལྟ་རྟོག་པ་ དཱན་བྷ་དུར་གུ་རུང་གིས་ སླབ་མིའི་ནང་ སྤྱི་ཟླ་༡༢ པའི་ཚེས་༢༠ ལས་ཁ་ཙ་ཚུན་ སྡེ་ཚན་༢༦ གིས་ རྩེད་འགྲན་ནང་བཅའ་མ་གཏོགས་ཡོད་པའི་གྲས་ལས་ བརྒྱ་ཆ་༧༠ དེ་ ན་གཞོན་སྐྱེས་ལོ་༡༨ ལས་༢༨ ཀྱི་བར་ན་འབད་མི་ཚུ་ ཨིན་མས་ཟེར་ཨིན་པས།
སྡེ་ཚན་གྱི་བར་ན་ རྩེད་འགྲན་མང་ཤོས་ར་ ཕྱི་རུའི་ཆུ་ཚོད་༣ ལས་༩ ཚུན་ འབད་དོ་ཡོདཔ་ད་ རྩེད་འགྲན་འབད་ནིའི་དོན་ལུ་ ཉིནམ་༢ ཀྱི་ཧེ་མ་ལས་ ཐོ་བཀོད་འབད་བར་འོངམ་མས་ཟེར་ཨིན་པས།
རྩེད་འགྲན་ཡང་ ཡིག་ཚང་གི་དུས་ཚོད་ཚང་པའི་ཤུལ་ལུ་ རྩེད་འགྲན་འབད་དོ་ཡོདཔ་ད་ སྡེ་ཚན་བཟོ་ཐོག་ལས་ རྩེད་འགྲན་འབད་མི་ཚུ་ཡང་ ལས་ཁུངས་ཁག་གི་ འགོ་དཔོན་དང་ ལས་སྡེ་ ལས་འཛིན་ སྒེར་སྡེ་ ན་གཞོན་གྱི་སྡེ་ཚན་ དེ་ལས་ ཆེ་མཐོའི་འགོ་དཔོན་ཚུ་གིས་ འབྲེལ་གཏོགས་འབད་དོ་ཡོདཔ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་ལམ་ལུགས་དང་འཁྲིལཝ་ད་ བདུན་ཕྲག་ནང་ དྲོ་པའི་ཆུ་ཚོད་༡༠ ལས་༡༢ ཚུན་ལུ་ འཐུས་དངུལ་ཀྲམ་༢,༠༠༠ དང་ ཉི་མའི་ཆུ་ཚོད་༡༢ ལས་ ཕྱི་རུའི་ཆུ་ཚོད་༥ འི་ནང་འཁོད་ རྩེད་འགྲན་འབད་མི་ཚུ་ལུ་ འཐུས་དངུལ་ཀྲམ་༢,༥༠༠ དེ་ལས་ ཕྱི་རུ་ ཆུ་ཚོད་༥ ལས་ ནུབ་མོ་ཆུ་ཚོད་༩ ཚུན་འཐུས་དངུལ་ཀྲམ་༣,༥༠༠ རེ་སྤྲོད་དགོཔ་སྦེ་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གཟའ་ཉི་མ་དང་ཟླ་བ་ དེ་ལས་ གཞུང་གི་ངལ་གསོའི་སྐབས་ལུ་ དྲོ་པ་ཆུ་ཚོད་༧ ལས་ཕྱི་རུ་ཆུ་ཚོད་༥ ཚུན་ལུ་ འཐུས་དངུལ་ཀྲམ་༣,༥༠༠ དང་ ཕྱི་རུ་ཆུ་ཚོད་༥ ལས་༩ ཚུན་ཚོན་ལུ་ འཐུས་དངུལ་ཀྲམ་༤,༥༠༠ རེ་ སྤྲོད་དགོཔ་སྦེ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་ ཨྱོན་དབང་ཕྱུག་གིས་ སླབ་མིའི་ནང་ སྤྲོ་བ་ཡོད་མི་ཚུ་གིས་ དེང་སང་ལུགས་ཀྱི་ གྱིབ་ཀྱི་རྩྭ་གདན་ཐོག་ལུ་ རྩེད་འགྲན་འབད་དགོ་མནོ་མི་ཚུ་གི་དོན་ལུ་ འཐུས་ཨ་ཙི་རེ་ བཞག་དོ་ཟེར་ཨིནམ་ད་ དེ་སྦེ་བཞག་དགོ་མི་དེ་ཡང་ གྱིབ་ཀྱི་རྩྭ་གདན་དེ་ དུས་ཅི་ལས་འགོ་བཙུགས་ལོ་༨ ཀྱི་རིང་ལུ་ ལག་ལེན་འཐབ་ནིའི་དོན་ལུ་ཨིན་པས།
ལོ་གྲངས་ཚང་བའི་ཤུལ་ལས་ གྱིབ་ཀྱི་རྩྭ་གདན་གསརཔ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ འཐུས་ཚུ་བསྡུ་ལེན་འབདཝ་ཨིན་ཟེར་ཨིན་པས།
གྱིབ་ཀྱི་རྩྭ་གདན་ནང་ དུས་རྒྱུན་རྩེད་འགྲན་འབད་ནི་ལུ་ སྤྲོ་བ་བསྐྱེད་མི་ ན་གཞོན་སྐྱེས་ལོ་༡༦ ལང་མི་ པདྨ་རྣམ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྩྭ་གདན་གུ་ལུ་ རྩེད་འགྲན་འབད་ནི་དེ་ ན་གཞོན་ཚུ་གི་རྒྱུད་ལུ་ ཕུཊ་བཱོལ་རྩེད་འགྲན་འབད་ནིའི་ ལམ་ལུགས་དང་ སྒྲིག་གཞི་ གནས་སྟངས་ རིག་རྩལ་ ཡོན་ཏན་ ལྕོགས་གྲུབ་ དེ་ལས་ གཟུགས་སྟོབས་སྒྲིང་སྒྲིང་བཞག་ནི་ལུ་ ཕན་ཐོགས་སྦོམ་འདུག་ཟེར་ཨིན་པས།
རྩྭ་གདན་གུ་ལུ་ ཕུཊ་བཱོལ་རྩེད་འགྲན་འབད་ནིའི་ གོ་སྐབས་ཐོབ་ཞིནམ་ལས་ ཕུཊ་བཱོལ་རྩེད་འགྲན་འབད་ནིའི་ནང་ ལེ་ཤ་གིས་ ཡར་དྲག་སོང་ཡི་ཟེར་ཨིན་པས།
མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་སློབ་ཕྲུག་ སྐྱེས་ལོ་༡༦ ལང་མི་ བཀྲིས་རྡོ་རྗེ་གིས་འབད་བ་ཅིན་ གྱིབ་ཀྱི་རྩྭ་གདན་ནང་ རྩེདམོ་རྩེ་ནི་དེ་ ལེ་ཤ་གིས་ ཕན་ཐོགས་འདུག་ཟེར་ཨིནམ་ད་ དེ་ཡང་ རྩེད་ཐང་ནང་ གཟུགས་ལུ་ གནོད་སྐྱོན་ཐོན་ནི་མེད་པའི་ཁར་ ཐལཝ་དང་ རྡོ་ཚུ་མེདཔ་ལས་ ལེགས་ཤོམ་འདུག་ཟེར་ཨིན་པས།
ཁ་ཙ་ ཕྱི་རུའི་ཆུ་ཚོད་༧ ལས་༩ ཚུན་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ལུ་ རླུང་མ་གིས་གྱང་བསིལ་ཆེ་རུང་  སྤྲོ་བ་དང་ དང་འདོད་སྦོམ་བསྐྱེད་དེ་ ཕུཊ་བཱོལ་རྩེད་འགྲན་འབད་ཡོདཔ་ཨིན་པས།
གྱིབ་ཀྱི་རྩྭ་གདན་ཐོག་ལུ་སྦེ་ ཕྱི་རྒྱལ་ཁབ་ཀྱི་ རྩེད་འགྲན་འབད་མི་ཚུ་དང་ དོ་འགྲན་འབད་ནིའི་ འོས་འབབ་བརྟག་དཔྱད་འབད་བར་ འོང་ཡི་ཟེར་ ན་ཆུང་སྐྱེས་ལོ་༡༢ ལང་མི་ ཀུན་ལེགས་འཇིགས་རྒྱལ་རྡོ་རྗེ་དང་ ཆ་རོགས་གཉིས་ཀྱིས་ སླབ་ཨིན་པས།
ཁོང་ན་ཆུང་གཉིས་ཀྱིས་ སླབ་མི་དང་འཁྲིལཝ་ད་ ལྟདམོ་ལྟ་སྡོད་དེ་ ཕུཊ་བཱོལ་རྩེ་ནིའི་ནང་ བཅའ་མར་མ་གཏོགས་པ་ཅིན་ གནས་སྟངས་ཚུ་ག་དེ་སྦེ་ཡོདཔ་ཨིན་ན་ རང་གིས་ ཤེས་རྟོགས་འབྱུང་མི་ཚུགས་པས་ཟེར་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེ་ལས་ ལྟ་རྟོག་པ་གིས་ རྩེད་ཐང་དེ་ནང་ ཐོ་བཀོད་འབད་བར་ཧེ་མ་ལས་འོང་པ་ཅིན་ བདུན་ཕྲག་༢ དང་༣ གྱི་ རྒྱབ་ལས་རྐྱངམ་གཅིག་ རྩེད་འགྲན་འབད་ནིའི་གོ་སྐབས་ འཐོབ་ཚུགས་འོང་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment