གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་ཆེན་སྐབས་ ཉིནམ་རེ་ལུ་ ཕྱགས་སྙིགས་ཀེ་ཇི་༥༠,༠༠༠ བསྡུ་ལེན་འབད་ནི།

༢༠/༡༢/༢༠༡༢   དབང་ཆེན་འགོ་བཙུགས་ཞིནམ་ལས་ ཕྱགས་སྙིགས་ཚུ་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ ཆ་རོགས་འབད་མི་ བདེ་སྲུངཔ་༡༠༠ ལྷགཔ་ཅིག་ འོང་བའི་རེ་བ་ཡོདཔ་ཨིན་པས།
༉ ད་རིས་ལས་ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་འགོ་བཙུགས་པའི་སྐབས་ ཉིནམ་རེ་ལུ་ ཕྱགས་སྙིགས་ཊཱན་༥༠ རེ་ བསྡུ་བསྒྱོམ་འབད་དགོཔ་འཐོན་ནི་ཨིནམ་ད་ ཨ་རྟག་འབད་བ་ཅིན་ ཁུ་ར་ུཐང་ཁྲོམ་དང་ སྤུ་ན་ཁ་ལས་ ཉིནམ་རེ་ལུ་ ཕྱགས་སྙིགས་ཊཱན་༡ དང་༡.༥ དེ་ཅིག་ལས་ བསྡུ་བསྒྱོམ་འབད་ནི་མེདཔ་ཨིན་པས།
སྤུ་ན་ཁའི་ མཐའ་འཁོར་གནས་སྟངས་འགོ་དཔོན་ཚུ་ དབང་ཆེན་སྐབས་ ཕྱགས་སྙིགས་ འཛིན་སྐྱོང་འཐབ་ནིའི་སྐོར་ལས་ གྲོས་བསྟུན་འབད་བའི་བསྒང་།


དེ་ཡང་ གཞུང་དང་ བདེ་མཆོག་འཁོར་ལོ་སྡོམ་པའི་ ཚོགས་ཆུང་གི་རེ་བ་ལས་འབད་བ་ཅིན་ དབང་གི་སྐབས་ལུ་ རྒྱལ་ཁབ་མཐའ་དབུས་མེད་པའི་ རྫོང་ཁག་ཚུ་ལས་ མི་འབུམ་༡ དེ་ཅིག་ འཛོམས་པའི་རེ་བ་བསྐྱེད་མི་ལས་ རྩིས་རྐྱབ་ལྟ་བའི་སྐབས་ཉིནམ་རེ་ལུ་ མི་རེ་ལས་ ཕྱགས་སྙིགས་ཀེ་ཇི་ ཕྱེད་དེ་ཅིག་ འཐོན་པའི་འོས་འབབ་དང་འཁྲིལ་ཏེ་ཨིན་པས།
རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་དྲུང་ཆེན་ ཌོག་ཊར་ ཨྱོན་ཚེ་དབང་གིས་འབད་བ་ཅིན་ གནས་སྐབས་ཀྱི་བཟའ་ཁང་ཚུ་རྩིས་བ་ཅིན་ དེ་བ་ཡང་ ལྷག་འོང་ཟེར་ཨིནམ་ད་ དེ་ཡང་ མི་དང་ཕྱདཔ་ད་ བཟའ་ཁང་ཚུ་ལས་ ཕྱགས་སྙིགས་ལོག་ལྟབ་ཀྱིས་ མངམ་སྦེ་ འཐོན་འོང་ཟེར་ཨིན་པས།
ད་རེས་ མོ་ཆུ་བ་ཟམ་དང་ ལྕང་གཡུས་ཀྱི་བར་ན་ གནས་སྐབས་ཀྱི་བཟའ་ཁང་༡༠༠ ལྷགཔ་ཅིག་ཡོདཔ་ད་ ཕྱགས་སྙིགས་དེ་ མང་ཤོས་ར་ ས་ཁོངས་དེ་ནང་ལས་ འཐོན་ནིའི་འོས་འབབ་ཡོདཔ་ཨིན་པས།
དེ་ཡང་ ལྕང་གཡུས་ལུ་ བཟའ་ཁང་རྐྱངམ་གཅིག་མིན་པར་ གནས་སྐབས་ཀྱི་ཁང་མིག་༥༠༠ ལྷགཔ་ཅིག་དང་ སྒར་བཅགས་སྡོད་མི་༥༠༠ ལྷགཔ་ཅིག་འབདཝ་ད་ མི་སྟོང་ཕྲག་ལས་བཅད་དེ་ སྡོད་མི་ཡོད་ནི་དེ་གིས་ཨིན་པས།
དེ་ལས་ འཛོམས་གླིང་ཐང་ལུ་ ཁང་མིག་༡༠༩ ཡོད་ས་ལས་ཡང་ ཕྱགས་སྙིགས་ལེ་ཤ་ འཐོན་ནི་ཨིན་པས།
ཕྱགས་སྙིགས་ཚུ་ ལེགས་ཤོམ་སྦེ་ བསྡུ་བསྒྱོམ་འབད་ནིའི་དོན་ལུ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ རྒྱབ་སྐྱོར་ཐོག་ལས་ མོ་ཆུ་བ་ཟམ་དང་ འཛོམས་གླིང་ཐང་གི་བར་ན་ ཕྱགས་སྙིགས་བཀོ་སའི་ཧོད་༣༠ ལྷགཔ་ཅིག་ བཞག་ནི་ཨིནམ་ད་ དེ་ནང་ ཁང་མིག་དང་སྒར་ དེ་ལས་ བཟའ་ཁང་ཚུ་ལས་བསྡུ་མི་ཚུ་ འདེགས་ཞིནམ་ལས་ ཕྱི་རུའི་ཆུ་ཚོད་༦ དང་ ཕྱེད་དང་༧ ལུ་ ཨ་རྟག་ར་ སྣུམ་འཁོར་ཊཱག་༤ གིས་ ཨོམ་སྟེང་ཁ་ཕྱགས་སྙིགས་བཀོ་སར་ བསྐྱལ་ནི་ཨིན་པས།
ཕྱགས་སྙིགས་དེ་ ལེགས་ཤོམ་སྦེ་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ ཁང་མིག་༣ དང་༤ བསྡོམས་ཏེ་ ཧོད་རེ་ བཞག་དགོ་པའི་ཁར་ བཟའ་ཁང་རེ་ལུ་ ཧོད་༢ རེ་ བཞག་དགོ་ནི་ཨིན་པས།
ཐལཝ་ལོང་མི་བཅུག་ནིའི་དོན་ལུ་ དྲོ་པ་ཨ་རྟག་ར་ ཊཱག་༢ ཀྱིས་ འཁོར་ལམ་བདའ་སྟེ་ ཆུ་བླུག་ནི་ཨིནམ་ད་ དེ་སྦེ་མ་འབད་བ་ཅིན་ ཐལཝ་ལུ་བརྟེན་ དབང་ཞུ་མི་ཚུ་ ན་ནིའི་ཉེན་ཁ་ཡོད་ཟེར་ དབང་འདུས་རྫོང་ཁག་གི་ རང་བཞིན་གནས་སྟངས་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་ཨིན་པས།
མོ་ཆུའི་མཐའ་མར་ མི་ཚུ་གིས་ ཨ་ཝ་བཏང་ནི་ལས་ བཀག་ནིའི་དོན་ལུ་ གློག་མེ་བཏེག་བཞག་ནི་ཨིནམ་ད་ དེ་ཡང་ གཙང་ཆུ་དེ་ འཐུང་ནིའི་དོན་ལུ་ཡང་ ལག་ལེན་འཐབ་ནི་ཨིནམ་ལས་བརྟེན་ བཙོག་པ་བཟོ་བ་ཅིན་ མི་ཚུ་ ན་ནིའི་ཉེན་ཁ་ཡོད་ཟེར་ སྤུ་ན་ཁའི་ རང་བཞིན་གནས་སྟངས་འགོ་དཔོན་ རིན་ཆེན་དཔལ་འབྱོར་གྱིས་ སླབ་ཡོདཔ་ད་ དེ་ཡང་ རྫོང་ཁག་ནང་ ཧེ་མ་ལས་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཡོདཔ་ལས་ གཙང་ཆུ་དེ་ འཐུང་ཆུའི་དོན་ལུ་ ངེས་པར་དུ་ ལག་ལེན་འཐབ་དགོ་ཟེར་ཨིན་པས།
རང་བཞིན་གནས་སྟངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཐིམ་ཕུ་ཁྲོམ་སྡེ་གིས་ དབང་གནང་སའི་ས་ཁོངས་ནང་ གསང་སྤྱོད་༡༤༠ རྐྱབ་ཡོད་པའི་ཁར་ ལྕང་གཡུས་དང་ འཛོམས་གླིང་ཐང་ལུ་ཡང་ རང་ལུགས་ཀྱི་གསང་སྤྱོད་ བརྒྱ་ལས་བཅད་དེ་བཟོ་ཡོད་རུང་ མི་ཚུ་གིས་ གཙང་ཆུའི་མཐའ་མར་ ཆབ་གསང་གཏང་པར་ འགྱོ་འོང་ཟེར་ཨིན་པས།
ཕྱགས་སྙིགས་འཛིན་སྐྱོང་དང་ རང་བཞིན་གནས་སྟངས་སྲུང་སྐྱོབ་ཀྱི་དོན་ལུ་ བ་ཟམ་དང་ འཛོམས་གླིང་ཐང་གི་བར་ན་ བརྡ་བྱང་༣༠ ལྷགཔ་ཅིག་ བཙུགས་ནི་ཨིནམ་ད་ དེ་ཚུ་ག་ར་ མི་མང་ལུ་ ཕྱགས་སྙིགས་དང་འབྲེལ་བའི་ གོ་བ་བརྡ་སྤྲོད་བྱིན་ནིའི་དོན་ལུ་ཨིན་པས།
རེས་གཟའ་ལྷག་པ་ལུ་ རྫོང་ཁག་དང་ རང་བཞིན་གནས་སྟངས་ལྷན་ཚོགས་ མཉམ་རུབ་ཀྱི་ཐོག་ལས་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་གྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ཕྱགས་སྙིགས་ཀེ་ཇི་༥༠༠ དེ་ཅིག་ བསྡུ་བསྒྱོམ་འབད་ཡོདཔ་ད་ དབང་ཆེན་འགོ་བཙུགས་ཞིནམ་ལས་ ཕྱགས་སྙིགས་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ ཆ་རོགས་འབད་མི་ བདེ་སྲུངཔ་༡༠༠ ལྷགཔ་ཅིག་ཡང་ འོང་བའི་རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment