གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་སྡེ་དང་འབྲེལ་བའི་ དཀའ་ངལ་ཚུ་ལུ་ གཙོ་རིམ་བཟུང་སྟེ་གྲོས་བསྡུར།

༢༠/༡༢/༢༠༡༢   འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་བཙག་འཐུ་ ད་རིས་ འགོ་འདྲེན་འཐབ་ནི།
༉ ཁ་ཙ་ ཐིམ་ཕུ་འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཞལ་འཛོམས་ཁང་ནང་སྦེ་ ཚོགས་སྡེའི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ ཐེངས་༢༧ པ་ འཚོགས་ནི་འགོ་བཙུགསཔ་དང་འབྲེལ་ ཚོགས་སྡེའི་གཙོ་འཛིན་ གོང་འོག་༣ དང་ བཀོད་ཚོགས་ཀྱི་འཐུས་མི་ཚུ་ བཙག་འཐུ་འབད་ནིའི་ འཆར་གཞི་བརྩམས་ཡོདཔ་ཨིན་རུང་ ངན་པ་དགུ་འཛོམས་ཕོག་ནི་དེ་གིས་ བཤོལ་བཞག་འབད་ཡི།
ཞལ་འཛོམས་ནང་འབྲེལ་ཡོད་ཚུ་གིས་ བཅའ་མར་གཏོགས་པའི་བསྒང་།


ཨིན་རུང་ ད་རིས་ བཙག་འཐུ་འགོ་འདྲེན་འཐབ་ནི་ཟེར་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ ཕུརཔ་ཚེ་རིང་གིས་ བཅས་མར་གཏོགས་མི་ཚུ་ལུ་ སླབ་ཨིན་པས།
ཞལ་འཛོམས་ནང་ རྫོང་ཁག་༢༠ ནང་ཡོད་པའི་ ཚོགས་སྡེའི་ རྫོང་ཁག་ཚོང་པའི་འཐུས་མི་དང་ རྫོང་ཁག་ཚོགས་པའི་འཐུས་མི་རེ་འབདཝ་ད་ མི་གྲངས་༤༠ འབད་མི་ཚུ་གིས་ བཅའ་མར་གཏོགས་པའི་བསྒང་འདུག།
དེ་དང་འཁྲིལ་ ཁ་ཙ་ རྫོང་ཁག་ཚུ་ལས་ ཁྲོམ་དང་འབྲེལ་བའི་ གྲོས་གཞི་བཙུགས་ཏེ་ ཡོད་མི་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ད་ དེ་ནང་ གྲོས་གཞི་མང་ཤོས་ར་ ཡན་ལག་ཁྲོམ་གཞི་བཙུགས་འབད་ནི་དང་ ཁྲོམ་རྒྱ་བསྐྱེད་འབད་དགོཔ་ཚུ་གི་སྐོར་ལས་ཨིན་པས།
བུམ་ཐང་རྫོང་ཁག་གིས་ ལྕམ་མཁར་ཁྲོམ་ནང་ ཁྱིམ་གྱི་ཁང་གླ་ཚུ་ མཐོ་དྲགས་སྦེ་ སྤྲོད་དགོཔ་ཐོན་དོ་ཡོད་མི་ལུ་ ཚོགས་སྡེའི་ཁ་ཐུག་ལས་ བཀག་འཛིན་འབད་དགོཔ་མ་ཚད་ ཚོང་པ་སྡེ་ཚན་ཚུ་ལུ་ ཚོང་འབྲེལ་གྱི་ བསྐྱིན་འགྲུལ་ དངུལ་ཀྲམ་འབུམ་༣ རེ་ གནང་ནི་ཡོད་མི་དེ་ དངུལ་ཀྲམ་འབུམ་༥ ལུ་ ཡར་སེང་འབད་དགོཔ་ད་ བསྐྱིན་འགྲུལ་ལོག་བཏབ་ནིའི་ གནས་ཡུན་དེ་ཡང་ ལོ་༥ ལས་༧ ལུ་ ཡར་སེང་གནང་དགོ་པའི་ གྲོས་གཞི་ཕུལ་ནུག།
ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་གྱིས་འབད་བ་ཅིན་ ཚོང་འབྲེལ་བསྐྱིན་འགྲུལ་གྱི་སྐོར་ལས་ འབྲུག་གོང་འཕེལ་དངུལ་ཁང་དང་ ཁ་སླབ་འོང་ཟེར་ཨིནམ་ད་ ཁང་གླའི་ཐད་ཁར་ལྷོདཔ་ད་ འབྲུག་གི་ཁང་གླའི་བཅའ་ཁྲིམས་དང་འཁྲིལ་ཏེ་ ལེན་ནི་མ་གཏོགས་ ཚོགས་སྡེའི་ཁ་ཐུག་ལས་ འབྲེལ་གཏོགས་འབད་ཐབས་མེད་ཟེར་ སླབ་ཨིན་པས།
དེ་ལུ་ བུམ་ཐང་གི་ རྫོང་ཁག་ཚོང་པའི་འཐུས་མི་ ཨོ་རྒྱན་སངས་རྒྱས་ཀྱིས་འབད་བ་ཅིན་ ལྕམ་མཁར་ཁྲོམ་གྱི་ཁྱིམ་ཚུ་ གཞུང་གིས་ སྐྱིད་སྡུག་གནང་གནངམ་ཅིག་ ཨིནམ་མ་ཚད་ ས་ཁོངས་དེ་ གཞུང་ས་འབད་ནི་དེ་གིས་ ད་རེས་ ཁང་གླ་མཐོ་དྲགས་སྦེ་ སྤྲོད་དགོ་མི་ལུ་བརྟེན་ ཚོགས་སྡེའི་ཁ་ཐུག་ལས་ འབྲེལ་གཏོགས་འབད་དགོཔ་འདུག་ཟེར་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ གལ་སྲིད་ཁྱིམ་ཚུ་ སྒེར་གྱི་ས་ཁོངས་ནང་ ཇོ་བདག་ཁོང་ར་གིས་ རྐྱབ་རྐྱབ་འབད་བ་ཅིན་ དེ་ལུ་ སླབ་དགོཔ་མིན་འདུག་ཟེར་ཨིན་པས།
དར་དཀར་ནང་རྫོང་ཁག་ལས་ དར་དཀར་དཔལ་ལ་ལུ་ ཡན་ལག་ཁྲོམ་གསརཔ་ཅིག་ གཞི་བཙུགས་འབད་ནི་ཨིན་མི་ལུ་ ད་རེས་ ག་ཅི་ར་ འབད་དོ་ཡོདཔ་ཨིན་ན་དང་ འབྲུག་རྗེས་སྒང་ལུ་ཡང་ ཡན་ལག་ཁྲོམ་གསརཔ་ཅིག་ གཞི་བཙུགས་འབད་ནིའི་དོན་ལུ་ གྲོས་འཆར་དང་ ས་ཁོངས་ངོས་འཛིན་འབད་དགོ་པའི་སྐོར་ལས་ གྲོས་གཞི་ཕུལ་ནུག།
ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་གྱིས་ གནད་དོན་དེ་གི་སྐོར་ལས་ ཞབས་ཏོག་ལྷན་ཁག་དང་གཅིག་ཁར་ ཁ་སླབ་འོང་ཟེར་ ཨིན་པས།
དེ་བཟུམ་སྦེ་ རྩི་རང་རྫོང་ཁག་གི་ ཚོང་པའི་འཐུས་མི་ ལོག་ནཱཐི་ མིཤ་ར་གིས་ འགྲམ་ཕུག་ལུ་ ས་གནས་གོང་འཕེལ་གྱི་འཆར་གཞི་ མཇུག་བསྡུ་སྟེ་ ཁྲོམ་ས་བགོ་བཀྲམ་འབད་ནིའི་གུ་ ལྷོད་ཡོདཔ་ཨིན་རུང་ ད་རེས་ ཞབས་ཏོག་ལྷན་ཁག་ལས་ ལཱ་ཚུ་ ག་དེ་སྦེ་ར་ འབད་དགོཔ་ཨིན་ནའི་སྐོར་ལས་ གནང་བ་ག་ཅི་ཡང་ མ་ལྷོད་ཟེར་སླབ་ཡོདཔ་ད་ ཚོགས་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་གི་དོན་ལུ་ ལཱ་ལེ་ཤ་ཅིག་ར་ འབད་ཚར་ཡོདཔ་ཨིན་རུང་ གནད་དོན་དེ་ ལོག་སྟེ་ ཞལ་འཛོམས་ནང་ལྷོད་ནི་དེ་གིས་ བསྐྱར་ཞིབ་འབད་འོང་ཟེར་སླབ་ཅི།
དེ་ལས་ རྩི་རང་རྫོང་ཁག་ནང་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ཐོག་ལས་ ཤེས་རིག་ལྟེ་བ་གཞི་བཙུགས་ཀྱི་ ས་ཁོངས་ངོས་འཛིན་དང་ སྐྱེ་ལྡན་ལྟ་བཤལ་ དེ་ལས་ ལུང་ཕྱོགས་ནང་འཁོད་སྨན་བཅོས་ཞབས་ཏོག་ལྟེ་བའི་ ས་ཁོངས་ངོས་འཛིན་འབད་དགོ་པའི་སྐོར་ལས་ གྲོས་གཞི་ཕུལ་ཡོད་མི་དང་འཁྲིལ་ ཕུརཔ་ཚེ་རིང་གིས་ ད་རེས་ ཐིམ་ཕུ་ལུ་ གཞི་བཙུགས་འབད་ནི་ཨིན་མི་ ཤེས་རིག་ལྟེ་བའི་དོན་ལུ་ཡང་ ཕྱིའི་མ་རྩ་གཞི་བཙུགས་འབད་མི་ ཕུད་རྡོག་གཅིག་ཡང་ མ་ཐོནམ་ལས་ རྩི་རང་ལུ་ ག་དེ་སྦེ་ འབད་ཚུགས་ག་མནོ་བའི་ དོགས་པ་ཡོད་ཟེར་སླབ་ཅི།
བཀྲིས་གཡང་རྩེའི་ རྫོང་ཁག་ཚོགས་པའི་འཐུས་མི་ ཨོ་རྒྱན་རྡོ་རྗེ་གིས་ རྡོ་གསུམ་ཁྲོམ་དེ་ ཁྱི་གཙང་ལུ་ སྤོ་བཤུད་འབད་ནི་ཨིན་རུང་ ཡུན་འགྱངས་ལུས་ཡོད་པའི་སྐོར་ལས་ སླབ་མི་ལུ་ ཕུརཔ་ཚེ་རིང་གིས་ ཧེ་མ་འབད་བ་ཅིན་ ཁྱི་གཙང་ལུ་ སྒེར་ས་གཞུང་བཞེས་འབད་དགོཔ་ལས་ དུས་ཡུན་དུམ་གྲ་ཅིག་ འགོར་ཡོད་རུང་ ད་རེས་ ས་ཚབ་དང་ ས་རིན་ཚུ་ སྤྲོད་ཚར་ཡོདཔ་ལས་ འཕྲལ་མགྱོགས་ར་ འབད་ཚུགས་ཟེར་སླབ་ཅི།
ཧཱ་རྫོང་ཁག་གི་ གྲོས་གཞི་དང་འཁྲིལ་བ་ཅིན་ ཧཱ་ལུ་འོང་མི་ རྒྱ་གར་གྱི་ལྟ་བཤལཔ་ཚུ་གི་དོན་ལུ་ དམིགས་བསལ་ལམ་གྱི་ཆོག་ཐམ་ཚུ་ མ་དགོཔ་སྦེ་བཟོ་དགོཔ་ད་ ཨིམ་ཊཱཏི་གི་ ཀེན་ཊིན་གྱིས་ ཅ་ཆས་ཚུ་ གོང་ཚད་དམའ་སུ་སྦེ་ བཙོང་མི་དེ་གིས་ཡང་ གཞན་མི་ཚོང་པ་ཚུ་ལུ་ ཐོ་ཕོགཔ་མས་ཟེར་བཀོད་ནུག།
དེ་ལས་ མགར་ས་དང་ མོང་སྒར་ ངང་ལམ་ སྤུ་ན་ཁ་རྫོང་ཁག་གི་ འཐུས་མི་ཚུ་གིས་ཡང་ རང་སོའི་རྫོང་ཁག་ནང་གི་ དཀའ་ངལ་ཚུ་གི་སྐོར་ལས་ གྲོས་གཞི་བཙུགས་མི་ཚུ་གི་སྐོར་ལས་ཡང་ གྲོས་བསྡུར་འབད་ཡི།
དེ་དང་གཅིག་ཁར་ འབྲུག་ཚོང་དང་བཟོ་གྲྭའི་འབྲེལ་ཚོགས་དཔྱད་ཡིག༢༠༡༢ ཅན་མ་དེ་གི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་བཞིན་དུ་ དཔྱད་ཡིག་དེ་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་མཇུག་དེ་ནང་ བཙུགས་ནིའི་དོན་ལུ་ ཞལ་འཛོམས་མཇུག་བསྡུ་བའི་སྐབས་ འཐུས་མི་ཚུ་གིས་ བཏུབ་དང་མ་བཏུབ་ཚུ་ གྲོས་ཐག་བཅད་དགོཔ་སྦེ་བཞག་ཡི།
ཁ་ཙ་འགོ་བཙུགས་མི་ ཞལ་འཛོམས་དེ་ སྤྱི་ཟླ་༡༢ པའི་ཚེས་༢༡ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment