གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་ཚོང་དང་ བཟོ་གྲྭ་ཚོགས་སྡེ་ལུ་ གཙོ་འཛིན་གསརཔ།

༢༡/༡༢/༢༠༡༢   དེ་ཡང་ ཁོ་གིས་ ཚོགས་སྡེ་དང་ ལས་ཚོགས་ཚུ་གི་བར་ན་ འབྲེལ་བ་ལེགས་ཤོམ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཟེར་ སླབ་ཨིན་པས།
༉ ད་རེས་ནངས་པ་ འབྲུག་གི་ཚོང་དང་ བཟོ་གྲྭ་ཚོགས་སྡེའི་འོག་ལུ་ ལས་ཚོགས་༡༡ ཡོད་རུང་ དེ་ཚུ་གིས་ ཚོགས་སྡེ་དང་ འབྲེལ་བ་ལེགས་ཤོམ་མི་འཐབ་དོ་ཡོདཔ་ལས་ ད་ལས་ཕར་ འབྲེལ་བ་ལེགས་ཤོམ་བཟོ་ཐོག་ལས་ ཚོགས་སྡེ་དེ་ རྩ་བརྟན་བཟོ་ནི་ཨིན་ཟེར་ ཁ་ཙ་ བཙག་འཐུ་གྲུབ་མི་ ཚོགས་སྡེའི་གཙོ་འཛིན་གསརཔ་ སེངྒེ་ཚོང་ལས་སྡེ་ཚན་གྱི་ཁྲི་འཛིན་ ཨོ་རྒྱན་ཚེ་ཁྱབ་རྡོ་རྗེ་གིས་ བཤད་ཅི།

འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་གསརཔ་ ཨོ་རྒྱན་ཚེ་ཁྱབ་ཀྱིས་ གསལ་བཤད་འབད་བའི་བསྒང་།


ཁོ་གིས་འབད་བ་ཅིན་ ད་རེས་ཀྱི་ ལས་ཚོགས་ཚུ་དང་ ཚོགས་སྡེ་གཉིས་ཀྱི་བར་ནའི་ འབྲེལ་བ་འཐབ་ཐངས་ལུ་ ལྟ་བ་ཅིན་ ལས་ཚོགས་ཚུ་གིས་ རང་སོའི་གཙོ་འཛིན་ཚུ་ བསྐོ་བཞག་འབད་ཐོག་ལས་ ཁོང་རའི་ ཚོང་འབྲེལ་རྐྱངམ་གཅིག་ལུ་དམིགས་ཏེ་ ལཱ་འབད་དོ་ཡོདཔ་ལས་ ཚོགས་སྡེ་དེ་ གལ་ཅན་ཨིནམ་སྦེ་ བརྩི་འཇོག་མི་འབད་དོ་ཡོད་པའི་་ མཐོང་གསལ་བྱུངམ་མས་ཟེར་ཨིན་པས།
དེ་མ་ཚད་ གཡུས་མི་ཚུ་དང་ ཚོང་ལཱ་འབད་མི་ཚུ་ཡང་ གཅིག་གིས་གཅིག་ལུ་ མཉམ་འབྲེལ་དང་ མཐུན་ལམ་གྱི་སྒོ་ལས་ ལཱ་འབད་དགོཔ་ཡོདཔ་ལས་ རྫོང་ཁག་ཚུ་གི་ གཡུས་མི་ཚུ་དང་ཕྱད་དེ་ ཁོང་གི་བར་ན་ མཐུན་འབྲེལ་ལེགས་ཤོམ་བཟོ་ནི་ཨིན་ཟེར་ གཙོ་འཛིན་གསརཔ་གིས་ གསལ་བཤད་འབད་ཡི།
འབྲུག་གི་ཚོང་དང་ བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་དེ་ཡང་ ད་ལྟོ་ ཐིམ་ཕུ་ལུ་སྦེ་ འཚོགས་པའི་བསྒང་ཡོད་མི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ཐེངས་༢༧ པའི་ནང་ ཚོགས་རྒྱན་བཙུགས་ཐོག་ལས་ བཙགས་འཐུ་འབད་ཡོདཔ་མ་ཚད་ གཞན་ཡང་ གཙོ་འཛིན་འོག་མ་༢ དང་ རྒྱལ་ཁབ་ཀྱི་ ལུང་ཕྱོགས་༦ ལས་ བཀོད་ཁྱབ་ཚོགས་པའི་ འཐུས་མི་རེ་ཡང་ བཙག་འཐུ་འབད་ཡི།
བཙག་འཐུའི་སྐབས་ གཙོ་འཛིན་གྱི་དོན་ལུ་ འདེམས་ངོ་ཨོ་རྒྱན་ཚེ་ཁྱབ་རྡོ་རྗེ་བ་གཏོགས་ དོ་འགྲན་འབད་མི་ གཞན་མེདཔ་ལས་ ཁོ་ལུ་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགསཔ་ད་ ཚོགས་རྒྱན་བཙུགས་མི་བསྡོམས་༥༠ ལས་ མི་དགོ་ཟེར་མི་ ཚོགས་རྒྱན་༣ དང་ དགོ་ཟེར་མི་ཚོགས་རྒྱན་༤༧ ཐོབ་སྟེ་ བཙག་འཐུ་གྲུབ་ཅི།
དེ་ལས་ གཙོ་འཛིན་འོག་མའི་དོན་ལུ་ མི་༥ གིས་ བཅའ་མར་གཏོགས་མི་ལས་ བསམ་གྲུབ་ལྗོངས་མཁར་ལས་ བདེ་ཆེན་བཟང་མོ་གིས་ ཚོགས་རྒྱན་༡༩ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ད་ ཚོགས་རྒྱན་སྐོར་ཐེངས་༢ པའི་ནང་ ཚོགས་སྡེའི་གཙོ་འཛིན་འོག་མ་སྦེ་  འདས་པའི་གནས་ཡུན་ཅིག་ ཕྱག་ཞུ་ཡོད་མི་ བཙན་བཙན་རྡོ་རྗེ་གིས་ ཚོགས་རྒྱན་༢༧ ཐོབ་སྟེ་ གཙོ་འཛིན་འོག་མ་༢ པ་ བཙག་འཐུ་གྲུབ་ཅི།
དོ་འགྲན་འབད་མི་གཞན་ ཕུརཔ་བཟངམོ་གིས་ ཚོགས་རྒྱན་༡༩ དང་ རྡོ་རྗེ་ཚེ་རིང་གིས་ ཚོགས་རྒྱན་༤ ཐོབ་ཡོདཔ་ད་ རིག་འཛིན་རྡོ་རྗེ་གིས་ ཚོགས་རྒྱན་ཕུད་རྡོག་གཅིག་ཡང་ ཐོབ་མ་ཚུགས།
བཀོད་ཁྱབ་ཚོགས་པའི་ འཐུས་མི་བཙག་འཐུའི་དོན་ལུ་ ཚོགས་རྒྱན་བཙུགསཔ་ད་ ཐིམ་ཕུ་ལུང་ཕྱོགས་ཀྱི་དོན་ལུ་ དོ་འགྲན་འབད་མི་ ཕུད་རྡོག་གཅིག་ལས་བརྒལ་མེད་མི་ ཚེ་རིང་བཟང་མོ་གིས་ དགོ་གི་ཚོགས་རྒྱན་༤༤ དང་ མི་དགོ་གི་ ཚོགས་རྒྱན་༦ ཐོབ་སྟེ་ བཙག་འཐུ་གྲུབ་ཅི།
དེ་ལས་ ཕུན་ཚོགས་གླིང་ལུང་ཕྱོགས་ཀྱི་དོན་ལུ་ མི་ངོ་༣ ལུ་ ཚོགས་རྒྱན་བཙུགསཔ་ད་ ཕུན་ཚོགས་དབང་འདུས་ཀྱིས་ ཚོགས་རྒྱན་༢༥ ཐོབ་སྟེ་ རྒྱལ་ཁ་ཐོབ་ད་ བསོད་ནམས་སྟོབས་རྒྱས་ཀྱིས་ ཚོགས་རྒྱན་༢༡ དང་ སྟོབས་རྒྱས་༢ ཀྱིས་ ཚོགས་རྒྱན་༣ ལས་ཐོབ་མ་ཚུགས།
དགེ་ལེགས་ཕུན་ལུང་ཕྱོགས་ཀྱི་དོན་ལུ་ ཨོ་རྒྱན་རབ་བརྟན་གྱིས་ ཚོགས་རྒྱན་༢༣ ཐོབ་སྟེ་ རྒྱལ་ཁ་ཐོབ་ད་ རིན་ཆེན་ལྷ་མོ་ཤེར་པ་གིས་ ཚོགས་རྒྱན་༢༡ དང་ རཱཇི་ཀུ་མར་གྱིས་༥ མ་གཏོགས་ ཐོབ་མ་ཚུགས།
བསམ་གྲུབ་ལྗོངས་མཁར་ལུང་ཕྱོགས་ཀྱི་ བཀོད་ཁྱབ་ཚོགས་པའི་ འཐུས་མི་དེ་ འཇིགས་རྒྱལ་ཕུན་ཚོགས་དར་རྒྱས་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ ཚོགས་རྒྱན་ཡོངས་བསྡོམས་༤༩ ལས་༣༣ ཐོབ་ད་ འཕྲིན་ལས་རྣམ་རྒྱལ་གྱིས་༡༦ ལས་བརྒལ་ ཐོབ་མ་ཚུགས།
བུམ་ཐང་ལུང་ཕྱོགས་ཀྱི་དོན་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ ཨོ་རྒྱན་སངས་རྒྱས་ཀྱིས་ ཚོགས་རྒྱན་༢༦ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གི་དོ་འགྲན་པ་ ཉི་མ་ཚེ་རིང་གིས་ ཚོགས་རྒྱན་༢༣ མ་གཏོགས་ ཐོབ་མ་ཚུགས།
དེ་ལས་ མོང་སྒར་ལུང་ཕྱོགས་ཀྱི་དོན་ལུ་ ཚེ་དབང་ལུ་ དགོ་གི་ཚོགས་རྒྱན་༤༦ དང་ མི་དགོ་གི་ ཚོགས་རྒྱན་༤ འི་ཐོག་ལུ་ བཙག་འཐུ་གྲུབ་ཅི།
བསམ་གྲུབ་ལྗོངས་མཁར་གྱི་ བཀོད་ཁྱབ་ཚོགས་པའི་འཐུས་མི་ བདེ་ཆེན་དབང་མོ་གིས་ རྒྱལ་ཁབ་ནང་ ཚོང་རྐྱབ་མི་ མང་ཤོས་ཅིག་ར་ ཨམ་སྲུ་ཚུ་འབད་ནི་དེ་གིས་ ཨམ་སྲུ་ཚུ་གི་ དཀའ་ངལ་བསལ་ནི་ལུ་ ཤུགས་བཏོན་ནི་ཟེར་སླབ་ཅི།
འབྲུག་གི་ཚོང་དང་ བཟོ་གྲྭ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ ཕུརཔ་ཚེ་རིང་གིས་ ད་རེས་ ཚོགས་སྡེའི་ནང་ བཀོད་ཁྱབ་ཚོགས་པའི་འཐུས་མི་ཨམ་སྲུ་ཅིག་ ཚུད་ཡོད་མི་དེ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ རྒྱལ་རབས་ཅན་ཅིག་ཨིན་ཟེར་ བཤད་པའི་ཁར་ ལུང་ཕྱོགས་ཚུ་ལས་ འཐུས་མི་ཚུ་ བཙག་འཐུ་འབད་དགོ་མི་དེ་ཡང་ རྒྱལ་ཁབ་ཀྱི་ ས་གནས་ཁག་གི་ ཚོང་པ་ཚུ་གི་ དཀའ་ངལ་བསལ་ཐབས་ལུ་དམིགས་ཏེ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment