གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤར་ཕྱོགས་རྫོང་ཁག་ནང་ ལྟ་བཤལཔ་ཡར་སེང་གི་ ཐབས་ལམ་བཏོན་དགོཔ།

༣༡/༡༢/༢༠༡༢   ༉ འདས་པའི་ལོ་༥ འི་རིང་ རྒྱལ་ཁབ་ནང་ ལྟ་བཤལཔ་༡༠༠,༠༠༠ དེ་ཅིག་ འོང་ཡོདཔ་ཨིན་རུང་ གྲོང་གཡུས་ཚུ་ནང་ ལྟ་བཤལ་ལུ་བརྟེན་པའི་ ཕན་ཐོགས་བྱུང་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
དེ་ཡང་ བཀྲིས་སྒང་ལུ་ ལོ་བསྟར་ཚེས་བཅུ་དང་ རང་ལུགས་ཀྱི་ས་ཁོངས་ དེ་ལས་ སྐྱེ་ལྡན་གྱི་རིགས་ཚུ་ ལེགས་ཤོམ་ཡོད་དེ་འབད་རུང་ ལྟ་བཤལ་ལུ་བརྟེན་པའི་ ཕན་ཐོགས་ཚུ་ མ་བྱུངམ་ཨིན་པས།

ར་ལྡི་ལུ་ མི་སྡེའི་ཚེས་བཅུ་སྐབས་ ལྟ་བཤལཔ་དག་པ་ཅིག་ལས་འོང་ནི་མེད་པའི་མཐོང་སྣང་།


རྫོང་ཁག་གི་ས་གནས་ཚུ་ནང་ ལོ་བསྟར་ཚེས་བཅུ་ ཁག་༢༠ དེ་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ དེ་ཚུ་གི་སྐབས་ ལྟ་བཤལཔ་དག་པ་ཅིག་ལས་ མི་འོང་དོ་ཡོདཔ་ཨིན་པས།
ར་ལྡི་རྒེད་འོག་ནང་ བྱོན་ལ་དང་ པ་ཀ་གླིང་ དེ་ལས་ དྲུང་དགོན་ཚུ་བརྩིས་ཏེ་ ལོ་བསྟར་ཚེས་བཅུ་ཁག་༣ འགོ་འདྲེན་འཐབ་དོ་ཡོདཔ་ད་ ཕོངས་མེད་རྒེད་འོག་ནང་ འབད་བ་ཅིན་ ཕུན་སུམ་ཚེས་བཅུ་རྩིས་ཏེ་ ཚེས་བཅུ་ཁག་༣ དེ་ཅིག་ འགོ་འདྲེན་འཐབ་དོ་ཡོད་པའི་ཁར་ ཉིན་གྲངས་༣ རེ་འབད་མི་ཚེས་བཅུ་ཚུ་ རྫོང་ཁག་གནས་ཚད་ཀྱི་ ཚེས་བཅུ་ཚུ་བཟུམསྦེ་ སྐུ་འཆམ་དང་ གཏེར་འཆམ་ དགྲ་མེད་རྩེའི་རྔ་འཆམ་ དེ་ལས་ རཀ་ཥ་དམང་འཆམ་ཚུ་ཡང་ བཏོན་དོ་ཡོདཔ་ཨིན་པས།
དུས་ཅིའི་ལོ་ནང་ བཀྲིས་སྒང་ལུ་ ལྟ་བཤལཔ་༢,༥༨༠ འོང་ཡོདཔ་ཨིན་རུང་ དེ་ཚུ་གི་གྲས་ལས་ ཚེས་བཅུ་མཇལ་མི་ ཕུད་རྡོག་གཅིག་ཡང་མེད་དོ་ ར་ལྡིའི་དམངས་མི་ པདྨ་དབང་ཕྱུག་གིས་འབད་བ་ཅིན་ ཁོ་གིས་ ར་ལྡི་གི་ས་གནས་ནང་ ལྟ་བཤལཔ་འོང་མི་ གནམ་མེད་ས་མེད་ཅིག་ མ་མཐོང་ཟེར་ཨིན་པས།
མེ་རག་དང་ སག་སྟེང་གི་ ས་གནས་ཚུ་ནང་མ་གཏོགས་ གཡུས་ཚན་གཞན་ཁ་ལས་ཕར་ ལྟ་བཤལཔ་ཚུ་ འོང་ནི་མེདཔ་ད་ བར་མཚམས་རྒཔོ་ བསོད་ནམས་རྡོ་རྗེ་གིས་ཡང་ རྒེད་འོག་ནང་ ལྟ་བཤལཔ་ཚུ་ རྒྱ་ཆེཝ་སྦེ་ འོང་ས་མི་མཐོང་མས་ཟེར་ སླབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ར་ལྡི་དང་ མཁའ་གླིང་ཚུ་ནང་ཡང་ ཐགས་བཟོའི་ལཱ་འབད་མི་ཚུ་མ་གཏོགས་ གཞན་མི་གཡུས་མི་ཚུ་ལུ་ ལྟ་བཤལ་ལུ་བརྟེན་པའི་ ཕན་ཁྱད་མེདཔ་ད་ སག་སྟེང་ གཏེར་འཆམ་གྱི་སྐབས་ལུ་ཡང་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ དུས་ཅི་ ལྟ་བཤལཔ་ཉུང་སུ་ཅིག་ལས་ མ་ལྷོད་ཟེར་་ཨིན་པས།
སག་སྟེང་གི་དམངས་མི་ ཡེ་ཤེས་ཚེ་རིང་གིས་ སླབ་མིའི་ནང་ ལྟ་བཤལ་པའི་གྱངས་ཁ་ མར་བབས་སོང་མི་དེ་ གཙོ་བོ་ར་ གཏེར་འཆམ་གྱི་སྐབས་ པར་བཏབ་མ་ཆོག་མི་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་ཨིན་པས།
མེ་རག་དང་ སག་སྟེང་ལུ་ རྟའི་ཇོ་བདག་དག་པ་ཅིག་ལུ་མ་གཏོགས་ གཞན་མི་ཚུ་ལུ་ ལྟ་བཤལ་ལུ་བརྟེན་པའི་ ཕན་ཁྱད་མ་བྱུང་མི་དེ་ཡང་ ལྟ་བཤལ་འགོ་འདྲེན་འཐབ་མི་ཚུ་གིས་ ས་གནས་ཀྱི་ལམ་སྟོན་པ་དང་ ཐབ་ཚངཔ་ཚུ་ ལག་ལེན་འཐབ་མ་བཏུབ་ནི་དེ་གིས་ཨིན་པས།
སག་སྟེང་དེ་ སྤྱི་ལོ་༢༠༡༡ ལུ་ ལྟ་བཤལཔ་ཚུ་གི་དོན་ལུ་ སྒོ་ཕྱེ་བའི་ཤུལ་ལུ་ ད་རེས་ཚུན་ ལྟ་བཤལཔ་༡༡༡ མ་གཏོགས་ མ་ལྷོད་པའི་ཁར་ བཀྲིས་སྒང་ལུ་འོང་མི་ ལྟ་བཤལཔ་མང་ཤོས་ཅིག་གིས་ བཀྲིས་སྒང་རྫོང་མཇལ་བར་ འགྱོ་དོ་ཡོདཔ་ཨིན་པས།
དེ་འབད་མི་ལས་ གཡུས་མི་ཚུ་གིས་ སླབ་མིའི་ནང་ གྲོང་གཡུས་ཚུ་ནང་ འགྱོ་དགོ་མནོ་འདོད་ཡོད་མི་ ལྟ་བཤལཔ་ཚུ་གི་དོན་ལུ་ ལྟ་བཤལ་དང་འབྲེལ་བའི་ གོང་འཕེལ་གྱི་ འཆར་གཞི་ཚུ་ བརྩམ་དགོཔ་འདུག་ཟེར་ཨིན་པས།
ཕོངས་མེད་རྒཔོ་ དཔལ་ལྡན་རྡོ་རྗེ་གིས་ སླབ་མིའི་ནང་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ རྒེད་འོག་དང་ རྫོང་ཁག་ དེ་ལས་ འབྲུག་ལྟ་བཤལ་ལས་སྡེ་༣ མཉམ་འབྲེལ་ཐོག་ལས་ ལཱ་འབད་དགོཔ་ཡོདཔ་ད་ དེ་ཡང་ ལྟ་བཤལ་དེ་ དབུལ་ཕོངས་ཀྱི་ དཀའ་ངལ་བསལ་ནི་དང་ ཕྱུགཔོ་དང་ སྤྱང་ཀའི་བར་ན་ ཐབས་འགྲིགས་འབད་མི་བཟུམ་ཅིག་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ ལྟ་བཤལ་གྱི་འཆར་གཞི་ཚུ་ ད་ལྟོ་ལས་ར་ མ་བརྩམ་པ་ཅིན་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ གྲོང་གཡུས་ཀྱི་ མི་སེར་ཚུ་ལུ་ ལྟ་བཤལ་པའི་ ཕན་ཁྱད་བྱུང་ཚུགས་པར་ལཱ་ཁག་འོང་ནི་མས་ཟེར་ཨིན་པས།
བཀྲིས་སྒང་རྫོང་བདག་ ལུང་བསྟན་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་ཁག་གིས་ ལྟ་བཤལ་གོང་འཕེལ་གྱི་དོན་ལུ་ ལཱ་ཚུ་ འབད་དོ་ཡོདཔ་བཞིན་དུ་ རྫོང་ཁག་གི་ རྒེད་འོག་༡༥ ག་རའི་ནང་ཡོད་པའི་ དུས་སྟོན་དང་ རང་ལུགས་ཀྱི་ ས་ཁོངས་ཚུ་གི་སྐོར་ལས་ གནས་སྡུད་ཚུ་ བཟོ་དོ་ཟེར་ཨིན་པས།
རྫོང་ཁག་གིས་ ལྟ་བཤལ་གྱི་ས་ཁོངས་ཚུ་ཡང་ རྒྱ་བསྐྱེད་འབད་ནི་ཨིནམ་ད་ རྫོང་ཁག་ འཆར་གཞི་འགོ་དཔོན་འོགམ་ འཕྲིན་ལས་ཀྱིས་འབད་བ་ཅིན་ རྫོང་ཁག་ནང་ རྐང་འགྲུལ་དང་ ཤིང་སྣའི་ རང་བཞིན་གླིང་ཀ་ཚུ་དང་ རྩེད་རིགས་ཚུ་གི་སྒོ་ལས་ ལྟ་བཤལཔ་གོང་འཕེལ་གཏང་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
རྐང་འགྲུལ་པའི་དོན་ལུ་ ཆོས་སྡེའི་ས་ཁོངས་གཙོ་ཅན་ རྐང་པ་ར་ལུ་ཡོད་པའི་ སྤྱན་ལ་དང་ ཕོངས་མེད་ལུ་ཡོད་མི་ ཚོང་ཚོང་མའི་ས་ཁོངས་ཚུ་ནང་ རྟ་ལམ་ཚུ་ བཟོ་བཀོད་འབད་ནིའི་ འཆར་གཞི་ཡོད་ཟེར་ སླབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment