གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆ་གླིང་གི་ མི་སེར་ཚུ་ ལྷ་གསོལ་ནི་དང་ ལོ་ཆོག་གཏང་ནི་ལུ་ ག་ཐོབ་རྐྱབ་དོ་ཡོདཔ།

༢༧/༡༢/༢༠༡༢    སྤྱི་ཟླ་དང་པ་ལས་འགོ་བཙུགས་ བཙག་འཐུ་མཇུག་མ་བསྡུ་ཚུན་ཚོད་ མི་མང་སྤུངས་འཛོམས་དང་འབྲེལ་བའི་ ཆོས་ཕྱོགས་ལས་རིམ་ཚུ་ འགོ་འདྲེན་འཐབ་མ་ཆོག་ནི་དེ་གིས་ཨིན་པས།
༉ ད་རེས་ནངས་པ་ མོང་སྒར་ཆ་གླིང་རྒེད་འོག་ནང་ ཉིན་བསྟར་བཞིན་དུ་ ཁྱིམ་གུང་༥ དང་༦ གི་བར་ན་ མཆོད་པའི་སྒྲ་ དུང་དང་ རྒྱ་གླིང་ཚུ་གི་ སྐད་ཚུ་གོ་མི་དེ་ཡང་ སྤྱི་ཟླ་༡ པའི་ཚེས་༡ ལས་ ཆོས་ཕྱོགས་ཀྱི་ལས་རིམ་ འགོ་འདྲེན་འཐབ་མི་ཆོག་ཟེར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཁྱབ་བསྒྲགས་འབད་མི་ལུ་བརྟེན་ཨིན་པས།
ཡེ་ཤེས་རྡོ་ཇེའི་ཁྱིམ་ནང་ ལོ་ཆོག་གནང་པའི་བསྒང་།
ལོ་ཆོག་གི་དོན་ལུ་བཞེངས་མི་ གཏོརམ་ཚུ།


དེ་ཡང་ ཆོས་ཕྱོགས་ལས་རིམ་ འགོ་འདྲེན་འཐབ་ནི་གི་ དུས་ཡུན་བདུན་ཕྲག་༡ ལས་བརྒལ་མེད་ནི་དེ་གིས་ མི་སེར་ཚུ་གིས་ གཅིག་ཤུལ་གཉིས་ཤུལ་སྦེ་ བསྐང་གསོ་དང་ ལྷ་གསོལ་ནི་ལ་སོགས་པའི་ ལོ་ཆོག་དང་ རིམ་གྲོ་ཚུ་འབད་སར་ མཐོང་གསལ་བྱུངམ་ཨིན་པས།
གཡུས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ རང་ཟླ་༡༡ པ་དེ་ ངན་པའི་ཟླཝ་སྦེ་ བརྩི་འཇོག་ཐོག་ གལ་ཅན་གྱི་ལཱ་ཚུ་ འབད་ནི་མེདཔ་མ་ཚད་ མི་སེར་མང་ཤོས་ཅིག་གིས་ར་ ལྷ་སྲུང་གསོལ་ནི་དང་ གཡང་ཁུག་རྐྱབ་ནི་ལ་སོགས་པའི་ ཆོས་ཕྱོགས་ཀྱི་ ལས་རིམ་སྣ་ཚོགས་ཚུ་ རང་ཟླ་༡༢ པ་ལས་ འགོ་བཙུགསཔ་ཨིན་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༡ པ་ལས་ ཆོས་འབྲེལ་གྱི་ ལས་སྣ་འགོ་འདྲེན་འཐབ་མ་ཆོགཔ་སྦེ་ ཁྱབ་བསྒྲགས་འབད་མི་ལུ་བརྟེན་ ཟླ་ནག་ནང་ བྱ་ཐབས་མེད་པར་ འབད་དགོཔ་བྱུངམ་མས་ཟེར་ཨིན་པས།
སྐྱེས་ལོ་༤༦ ལང་མི་ ཡེ་ཤེས་རྡོ་རྗེ་གིས་ ཨ་རྟག་འབད་བ་ཅིན་ ཁོ་རའི་ཁྱིམ་ནང་ ལོ་ཆོག་གཏང་ནི་དེ་ ཟླ་ནག་གམ་ ཟླཝ་༡༡ པ་རྫོགས་ཞིནམ་ལས་ འབད་སྲོལ་ཡོད་རུང་ དུས་ཅི་ བྱ་ཐབས་མེད་པར་ གཞུང་ལུ་ བྱ་སྟབས་མ་བདེཝ་འཐོན་མི་བཅུག་ནིའི་དོན་ལུ་ ཟླཝ་འདི་ནང་ འབད་དགོཔ་ཐོན་སོ་ཡི་ཟེར་ཨིནམ་ད་ ཆོ་ག་བཏང་མི་ སྒོམ་ཆེན་ཡང་ ཐོབ་མ་ཚུགས་པར་ ལཱ་ཁག་བཏང་ཡི་ཟེར་ཨིན་པས།
མི་གནགཔ་མི་འགྱུར་གྱིས་ སླབ་མིའི་ནང་ མ་གཞི་ ཁོ་རའི་ཁྱིམ་ནང་ ལོ་ཆོག་བཏངམ་ད་ ལོ་བསྟར་བཞིན་དུ་ ཉུང་ཤོས་སྒོམ་ཆེན་༡༢ དེ་རེ་ འོང་ནི་ཡོད་རུང་ དུས་ཅི་ གཡུས་ཁའི་མི་སེར་མང་ཤོས་ར་ ལོ་ཆོག་ཚུ་ སྤྱི་ཟླ་༡ པ་མ་རནམ་ལས་ འགོ་འདྲེན་འཐབ་མི་ལུ་བརྟེན་ སྒོམ་ཆེན་༣ མ་གཏོགས་ ཐོབ་མ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ བཀྲིས་ཀྱིས་འབད་བ་ཅིན་ ཆ་གླིང་གཡུས་ཚན་གྱི་ མི་སེར་ཚུ་གིས་ དུས་ཅི་ ལོ་ཆོག་གཏང་ནི་དེ་ ག་ཐོབ་ཡོདཔ་ལས་ ཁོ་རའི་ཨ་པ་གྱོང་མིའི་ དགེ་རྩ་སྒྲུབ་ནིའི་དོན་ལུ་ སྒོམ་ཆེན་ཐོབ་མ་ཚུགས་པར་ རྩ་ཀ་གླིང་རྒེད་འོག་ལས་ ཞུ་དགོཔ་ཐོན་ཡི་ཟེར་ཨིན་པས།
སྒོམ་ཆེན་མཁའ་འགྲོ་གིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ སྒོམ་ཆེན་ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ དེ་བཟུམ་མའི་ ཁྱབ་བསྒྲགས་ལུ་བརྟེན་ སྒོམ་ཆེན་ཚུ་ལུ་ཡང་ སྟབས་མ་བདེཝ་ཐོནམ་མས་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ རྒེད་འོག་དེ་གི་ ཁྱིམ་གུང་ཚུ་ནང་ ལོ་ཆོག་ལ་སོགས་པའི་ ཆོས་ཕྱོགས་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ཚར་ནི་ལུ་ ཟླཝ་༣ དེ་ཅིག་ འགོར་ནི་ཡོད་རུང་ ད་རིས་ ག་ར་གིས་ ག་ཐོབ་རྐྱབ་མི་ལུ་བརྟེན་ སྟབས་མ་བདེཝ་འདུག་ཟེར་ཨིན་པས།
སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭའི་རྩིས་སློབ་ རིན་ཆེན་དབང་འདུས་ཀྱིས་འབད་བ་ཅིན་ རང་ཟླ་༡༡ པའི་ནང་ ལྷ་མི་གསོལ་ཟེར་ རྩིས་ཀྱི་དཔེ་ཆ་ནང་ལས་ཡང་ ཐོན་དོ་ཡོདཔ་ལས་ གལ་ཅན་གྱི་ལཱ་ དཔེར་ན་ ལྷ་གསོལ་ནི་དང་ གཡང་ཁུག་རྐྱབ་ནི་ཚུ་ ཟླཝ་ལེགས་ཤོམ་ནང་ འབད་དགོ་ཟེར་ཨིན་པས།
ཆ་གླིང་རྒཔོ་ རྟ་མགྲིན་ཚེ་དབང་གིས་ སླབ་མིའི་ནང་ སྲིད་དང་འབྲེལ་བའི་ སྟབས་མ་བདེཝ་ མི་འཐོན་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༡ པ་ལས་ ཆོས་ཕྱོགས་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་མ་ཆོག་པའི་ བཀའ་རྒྱ་གནང་ཞིནམ་ལས་ཚུར་ གཡུས་མི་ཚུ་ལུ་ ཆོས་ཕྱོགས་དང་འབྲེལ་བའི་ ལས་སྣ་ཚུ་ རྩ་ལས་ར་ འབད་མི་ཆོགཔ་སྦེ་ གོ་བརྡ་སྤྲོད་ཅི་ཟེར་ཨིན་པས།
དེ་འབདཝ་ལས་ ད་རེས་ནངས་པ་ ངན་པའི་ཟླཝ་ཨིན་རུང་ ཉིན་བསྟར་བཞིན་དུ་ ལོ་ཆོག་བཏང་མི་ མང་སུ་ཐོན་མི་ལུ་བརྟེན་ བླམ་ཆོསཔ་དང་ སྒོམ་ཆེན་ལངམ་མ་ཐོབ་པའི་ དཀའ་ངལ་ཐོན་ཏེ་ཡོད་ཟེར་ རྒཔོ་རྟ་མགྲིན་ཚེ་དབང་གིས་ སླབ་ཨིན་པས།
རྫོང་ཁག་བཙག་འཐུའི་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ཟླ་༡ པ་ལས་ སྤྱི་ཚོགས་གཉིས་པའི་ བཙག་འཐུ་མཇུག་མ་བསྡུ་ཚུན་ ཆོས་ཕྱོགས་ཀྱི་ལས་རིམ་ འགོ་འདྲེན་འཐབ་མ་ཆོག་མི་དེ་ཡང་ ཆོས་དང་སྲིད་༢ ཐ་དད་སྦེ་ གནས་ཐབས་དང་ སྲིད་དང་འབྲེལ་བའི་ སྟབས་མ་བདེཝ་ཚུ་ མི་འབྱུང་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་ དོགས་སེལ་འབད་མིའི་ནང་ ཆོས་ཕྱོགས་ཀྱི་ལས་རིམ་ དཔེར་ན་ མི་མང་སྤུངས་འཛོམས་དང་འབྲེལ་བའི་ སྔར་ལས་མེད་པའི་ ལས་སྣ་ཚུ་ རྩ་ལས་ར་ འགོ་འདྲེན་འཐབ་མི་ཆོག་ཟེར་ཨིན་པས།
དེ་འབདཝ་ད་ རང་སོའི་ཁྱིམ་ནང་ ལོ་བསྟར་གྱི་ ལྷ་གསོལ་ནི་དང་ གཡང་ཁུག་ནི་ དེ་ལས་ ནད་པའི་རིམ་གྲོ་འབད་ནི་དང་ གཤིན་པོའི་དགེ་རྩ་སྒྲུབ་ནི་ཚུ་ ཐབས་མེད་པའི་ བྱ་བ་ཨིནམ་ལས་ འགོ་འདྲེན་འཐབ་པའི་སྐབས་ལུ་ དྲན་ཤེས་ཀྱི་ཐོག་ལས་ འགོ་འདྲེན་འཐབ་དགོ་ཟེར་ བཙག་འཐུ་འགོ་དཔོན་གྱིས་ མི་མང་ལུ་ དྲན་གསལ་འབདཝ་ཨིན་པའིགནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment