གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་གཞོན་ལཱ་གཡོག་མེད་མི་ བརྒྱ་ཆ་༥ ལྷགཔ་ཅིག་མར་བབས།

༢༤/༡༢/༢༠༡༢   ༉ ནུབ་ཕྱོགས་ཡུ་རོབ་རྒྱལ་ཁབ་ཚུ་ནང་ དཔལ་འབྱོར་མར་ཉམས་ འགྱོ་མི་ལུ་བརྟེན་ ན་གཞོན་གཡོག་ཡོད་མི་ཚུ་ཡང་ རང་སོའི་ལཱ་གཡོག་བཀོ་བཞག་དགོཔ་ བྱུང་ནི་དེ་གིས་ ལཱ་གཡོག་མེད་མིའི་ ཚད་གཞི་དེ་ ཡར་སེང་སོང་ཡོདཔ་ཨིན་རུང་ འབྲུག་ལུ་ རྒྱབ་འགལ་ཨིན་པའི་ གསལ་སྟོན་བྱུངམ་ཨིན་པས།


དེ་ཡང་ འབྲུག་ལུ་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ཐོབ་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ དཔལ་འབྱོར་གནས་སྟངས་དེ་ དོ་འགྲན་ཅན་ཅིག་སྦེ་ གནས་ཡོད་རུང་ ན་གཞོན་ལཱ་གཡོག་མེད་མིའི་ གནས་ཚད་དེ་ འདས་པའི་ལོ་ངོ་༣ གྱི་ནང་ དུམ་གྲ་ཅིག་ མར་བབས་སོང་ནུག།
ལས་གཡོག་ལྷན་ཁག་གིས་ འགོ་འདྲེན་འཐབ་ཡོད་མི་ སྤྱི་ལོ་༢༠༡༢ ཀྱི་ མི་སྟོབས་ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ འབྲུག་མི་ལཱ་གཡོག་མེད་མིའི་ ཚད་གཞི་བརྒྱ་ཆ་༢.༡ ལུ་ མར་བབས་སོང་ཡོད་མི་དང་བསྟུན་ ན་གཞོན་ལཱ་གཡོག་མེད་མི་གི་ ཚད་གཞི་དེ་ཡང་ རྒྱ་ཆེ་དྲགས་སྦེ་ མར་བབས་ཐོག་ ན་ཧིང་ ལཱ་གཡོག་མེད་མི་ ན་གཞོན་བརྒྱ་ཆ་༩.༢ ཡོད་མི་ལས་ དུས་ཅི་ བརྒྱ་ཆ་༧.༣ ལུ་ མར་བབས་སོང་ནུག་ཟེར་ཨིན་པས།
རྒྱལ་སྤྱི་མི་སྟོབས་ཚོགས་སྡེའི་ གནས་སྡུད་དང་འཁྲིལ་བ་ཅིན་ འཛམ་གླིང་ནང་ ན་གཞོན་ས་ཡ་༧༤.༥ དེ་ཅིག་ལུ་ ལཱ་གཡོག་མེད་མི་དེ་ འཛམ་གླིང་གི་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༡༢ ཨིན་པའི་གྲས་ཁར་ ལྷོ་ཨེ་ཤ་ཡ་ལུང་ཕྱོགས་ནང་ ན་གཞོན་ལཱ་གཡོག་མེད་མི་ ས་ཡ་༡༣ ཡོད་མི་དེ་ འཛམ་གླིང་ནང་ ལཱ་གཡོག་མེད་མི་ ན་གཞོན་ཡོངས་བསྡོམས་ལས་ བརྒྱ་ཆ་༩.༨ ཨིན་པས་ཟེར་བཀོད་ནུག།
མི་སྟོབས་ཞིབ་འཚོལ་སྙན་ཞུ་དེ་ནང་ བཀོད་མི་དང་འཁྲིལཝ་ད་ འབྲུག་ལུ་ དུས་ཅིའི་ལོ་ནང་ མི་རློབས་ཡོངས་བསྡོམས་༧༣༤,༨༥༡ ཡོད་ས་ལས་ ལཱ་གཡོག་མེད་མི་ ཡོངས་བསྡོམས་༦,༩༠༤ ཡོད་མི་ལས་༣,༤༧༦ ན་གཞོན་ཚུ་ཨིན་པའི་ ངོས་འཛིན་བྱུང་མི་དེ་ ན་ཧིང་ ན་གཞོན་༤,༨༠༠ ལཱ་གཡོག་མེད་པར་ ལུས་མི་དང་ཕྱདཔ་ད་ བརྒྱ་ཆ་༡.༩ གི་ མར་བབས་སོང་ནུག།
ན་ཧིང་ ན་གཞོན་ལ་གཡོག་མེད་མིའི་ ཚད་གཞི་དེ་ བརྒྱ་ཆ་༩.༢ ལུ་ གནས་ཡོདཔ་ད་ སྤྱིར་བཏང་མི་རློབས་ཡོངས་བསྡོམས་ལས་ ལཱ་གཡོག་མེད་མི་གི་ ཚད་གཞི་དེ་ བརྒྱ་ཆ་༣.༡ ལུ་ གནས་ཡོདཔ་ཨིན་པས།
མ་གཞི་ སྤྱིར་བཏང་མི་རློབས་ཡོངས་བསྡོམས་ལས་ ལཱ་གཡོག་མེད་མིའི་ ཚད་གཞི་དེ་ སྤྱི་ལོ་༢༠༠༩ ལུ་ མི་རློབས་ཡོངས་བསྡོམས་༦༧༩,༧༠༠ དེ་ཅིག་ཡོད་མིའི་ནང་ལས་ ལཱ་གཡོག་མེད་མི་༡༢,༩༠༠ དེ་ཅིག་ཡོད་མིའི་གྲངས་སུ་ ན་གཞོན་ལཱ་གཡོག་མེད་མི་༩༠༠༠ དེ་ཅིག་ སྡོད་ཡོདཔ་ད་ སྤྱི་ལོ་༢༠༡༠ ལུ་ མི་རློབས་ཡོངས་བསྡོམས་༦༩༦,༥༠༠ ལུ་ ཡར་སེང་སོང་ཡོད་མི་ལས་ ལཱ་གཡོག་མེད་མི་ ཡོངས་བསྡོམས་༡༡,༠༠༠ དེ་ཅིག་ལུ་ མར་བབས་སོང་སྟེ་ ན་གཞོན་ལཱ་གཡོག་མེད་མི་ཡང་༥,༡༠༠ དེ་ཅིག་ལུ་ མར་ཕབ་བཏང་ཡོདཔ་སྦེ་བཀོད་ནུག།
སྙན་ཞུ་དང་འཁྲིལཝ་ད་ ན་ཧིང་ མི་རློབས་༧༡༣,༢༠༠ ལུ་ ཡར་སེང་སོང་ཡོད་རུང་ ལཱ་གཡོག་མེད་མི་ ཡོངས་བསྡོམས་༡༠,༥༠༠ དེ་ཅིག་ ཐོན་ཡོད་མི་ལས་ ན་གཞོན་ལཱ་གཡོག་མེད་མི་༤,༨༠༠ དེ་ཅིག་ལུ་ མར་ཕབ་བཏང་ཡོདཔ་ཨིན་པས།
འདས་པའི་ལོ་༣ གྱི་ ནང་འཁོད་ལུ་ སྤྱིར་བཏང་མི་རློབས་ཡོངས་བསྡོམས་ལས་ ལཱ་གཡོག་མེད་མིའི་ ཚད་གཞི་དེ་ སྤྱི་ལོ་༢༠༠༩ ལུ་ བརྒྱ་ཆ་༤ ཡོད་མི་ལས་ དུས་ཅི་བརྒྱ་ཆ་༡.༩ ལུ་ མར་ཕབ་རྐྱབ་ཚུགས་ཡོདཔ་ཨིན་པས།
དེ་འབདཝ་ད་ སྤྱིར་བཏང་མི་རློབས་ལས་ ལཱ་གཡོག་མེད་མིའི་ ཚད་གཞི་དེ་ བརྒྱ་ཆ་༢.༡ ཨིན་མི་དང་ཕྱདཔ་ད་ ན་གཞོན་ལཱ་གཡོག་མེད་མི་གི་ ཚད་གཞི་དེ་ བརྒྱ་ཆ་༧.༣ ཨིནམ་ལས་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་དང་ ཅོག་འཐདཔ་སྦེ་ འབྲུག་ལུ་ཡང་ ལོ་བསྟར་བཞིན་དུ་ མི་རློབས་ཡར་སེང་དང་བསྟུན་ ན་གཞོན་ཤེས་ཡོན་མཐར་འཁྱོར་མི་ཡང་ མང་སུ་ཐོན་ནི་དེ་གིས་ ན་གཞོན་ཚུ་ལུ་ ལཱ་གཡོག་སྤྲོད་ནི་དེ་ དོ་འགྲན་ཅན་ཅིག་སྦེ་ ར་ གནས་ཡོད་པའི་ གསལ་སྟོན་འབདཝ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment