གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀའ་དབང་གིས་ ཚོང་ལམ་ལེགས་ལྡན་གྱི་ཕན་ཁྱད།

༡༩/༡༢/༢༠༡༢  ༉ དགེ་ལེགས་ཕུག་ལུ་ འདས་པའི་ཟླཝ་ཚུ་དང་ཕྱདཔ་ད་ ཟླཝ་ཅིག་གི་རིང་ ཚོང་འབྲེལ་ལེགས་ཤོམ་འཐབ་ཚུགས་མི་ལུ་བརྟེན་ ཚོང་པ་ཚུ་ལུ་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ཡོདཔ་ཨིན་པས།
 ཚོང་ཆས་ཚུ་ཡང་ མང་ཤོས་ གཞི་རྟེན་ཟ་ཆས་ཀྱི་རིགས་ཚུ་བཙོང་ཡོདཔ་ད་ དགེ་ལེགས་ཕུག་ཁྲོམ་ཁར་སྡོད་མི་ དཔལ་རི་ཚོང་ཁང་གི་ཇོ་བདག་ ཧེམ་རཱཇི་མོང་གར་གྱིས་སླབ་མིའི་ནང་ འདས་པའི་ཟླཝ་ཚུ་དང་ཕྱདཔ་ད་ བརྒྱ་ཆ་༢༠ དེ་ཅིག་འོང་འབབ་ཐེབས་བཟོ་ཚུགས་ཅི་ཟེར་ཨིན་པས།

བཀའ་དབང་གི་སྐབས་ལུ་ ཚོང་འབྲེལ་ལེགས་ཤོམ་འགྱོ་མི་ ཚོང་ཁང་ཚུ་གི་གྲས་ལས་ཅིག།


ཁོ་གིས་ སླབ་མིའི་ནང་ ཚོང་ཁང་ནང་ལས་ མང་ཤོས་ཟ་འཐུང་གི་རིགས་ཚུ་བཙོང་ཚུགས་ཡོདཔ་ད་ དེ་ཡང་ ཆུམ་འབད་བ་ཅིན་ ཀུན་ཊཱལ་ཅིག་དེ་ཅིག་ ཐེབས་བཙོང་ཚུགས་པའི་ཁར་ པད་དཀར་མར་ཁུ་ལི་ཊར་༥༠ ཨོ་ཕྱེ་ཀེ་ཇི་༢༠ ལྷགཔ་ཅིག་ བཙོང་ཚུགས་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ ད་རུང་ ཟ་ཆས་ཚོང་ཁང་གི་ཇོ་བདག་ ཨིན་དར་ཅནཌི་ ཇཱེན་གྱིས་སླབ་མིའི་ནང་ ཁོ་གི་ཚོང་ཁང་ནང་ལས་འབད་བ་ཅིན་ མང་ཤོས་གླང་ལེབ་དང་ ཁ་ཟས་ཀྱི་རིགས་ དེ་ལས་ ཨོ་ཕྱེ་ཚུ་མངམ་བཙོང་ཚུགས་ཅི་ཟེར་ཨིནམ་ད་ འདས་པའི་ཟླཝ་དང་ཕྱདཔ་ད་ བརྒྱ་ཆ་༡༠ དང་༢༠ གྱི་བར་ན་ ཐེབས་བཙོང་ཚུགས་ཅི་ཟེར་ཨིན་པས།
ཁ་ཟས་ཀྱི་ ཚོང་ཆས་མངམ་ཉོ་མི་དེ་ ཚོགས་ཟས་ཀྱི་རིགས་ཚུ་ཨིནམ་ད་ ཚོགས་ཟས་བཙོང་མི་ཅིག་ཨིན་མི་ སི་མ་གིས་ སླབ་མིའི་ནང་ མོ་གིས་ ཉིནམ་ཅིག་ནང་ དངུལ་ཀྲམ་༡༠,༠༠༠ དེ་ཅིག་གི་ ཚོགས་ཟས་ཚུ་བཙོང་ཚུགས་ཅི་ཟེར་ཨིན་པས།
འདི་དང་འདྲཝ་སྦེ་ དབང་ལུ་བརྟེན་ བཟའ་ཁང་དང་ཆང་ཁང་ སྐྱ་བཏོག་ཁང་ཚུ་ལུ་ཡང་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ཡོདཔ་མ་ཚད་ གྱོན་ཆས་ཚོང་ཁང་ཚུ་ལུ་ཡང་ ཚོང་འབྲེལ་ལེགས་ཤོམ་བྱུང་ནུག།
བསོད་ནམས་བཟའ་ཁང་གི་ཇོ་བདག་ རྡོ་རྗེ་གིས་ སླབ་མིའི་ནང་ དྲོ་པ་ཕྱི་རུ་ བཟའ་ཁང་ནང་ བཞེས་སྒོ་དང་ ཆང་འཐུང་པ་འོང་མི་ལུ་བརྟེན་ ཧེ་མ་དང་ཕྱདཔ་ད་ ཉིན་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༣༠༠༠ དེ་ཅིག་ ཐེབས་ཐོབ་ཚུགས་པས་ཟེར་ཨིན་པས།
ག་ནེཤི་ཚོང་གི་ཇོ་བདག་ ནི་རཇི་གིས་འབད་བ་ཅིན་ འདས་པའི་ཟླཝ་ཚུ་དང་ཕྱདཔ་ད་ ཁོ་གིས་ གྱོན་ཆས་ཀྱི་རིགས་ བརྒྱ་ཆ་༡༠ དེ་ཅིག་ ཐེབས་བཙོང་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
བི་ཇེ་སྐྱ་བཏོག་ཁང་གི་ཇོ་བདག་ ཨ་ཇེ་ཐྲ་ཀུར་གྱིས་ སླབ་མིའི་ནང་ ཧེ་མའི་ཟླཝ་ཚུ་ནང་འབད་བ་ཅིན་ ཉིནམ་རེ་ལུ་ དངུལ་ཀྲམ་༨༠༠ དེ་ཅིག་ལས་ཐོབ་མ་ཚུགས་རུང་ དབང་གི་སྐབས་ལུ་ ཉིནམ་གཅིག་ནང་ དངུལ་ཀྲམ་༢༥༠༠ དེ་ཅིག་ འོང་འབབ་བཟོ་ཚུགས་མི་གིས་ ཕན་ཐོགས་སྦོམ་ར་བྱུང་ཡི་ཟེར་ཨིན་པས།
དུས་ཅི་དབང་གི་ལས་རིམ་ལུ་བརྟེན་ འཕྲུལ་ཆས་འགྲུལ་འཕྲིན་མོ་བཱ་ཡེལ་ལ་སོགས་པ་དང་ སྤྱིར་བཏང་ཚོང་རིགས་ཆ་མཉམ་ལུ་ ཚོང་འབྲེལ་ཡར་དྲག་སོང་ཡོདཔ་ཨིན་པས།
ད་རུང་ དགེ་ལེགས་ཕུག་ཚོང་པ་ཚུ་གིས་འབད་བ་ཅིན་ དགེ་ལེགས་ཕུག་ལུ་ གནམ་བྱཱར་ ཚོང་ཉོ་མི་ལེ་ཤ་མེད་མི་ལུ་བརྟེན་ གནམ་དགུན་ འོང་འབབ་བཟོ་ནིའི་དུས་ཚོད་བཟང་པོ་ཅིག་ཨིནམ་སྦེ་ བརྩི་དོ་ཡོད་མི་དེ་ཡང་ གནམ་དགུན་ལུ་ སློབ་ཕྲུག་ཚུ་གིས་ ངལ་སོའི་སྐབས་ དགེ་ལེགས་ཕུག་ལུ་འོང་སྟེ་ ཚོང་ཉོ་མི་ལུ་བརྟེན་ཨིན་པས།
དབང་གི་ལས་རིམ་དེ་ སྤྱི་ཟླ་༡༢ པའི་ཚེས་༡༧ ལུ་ མཇུག་ཡོད་རུང་ ད་རེས་ནངས་པ་ ཚལ་ལུ་ཕྱིར་ཚོང་གི་དུས་ཚོད་ཨིན་པའི་ཁར་ སློབ་ཕྲུག་ཚུ་གི་ གནམ་དགུན་གྱི་ ངལ་གསོ་ཡང་འགོ་བཙུགས་ཡོད་ནི་དེ་གིས་ ཚོང་ཉོ་མི་ཚུ་ འོང་ནིའི་རེ་བ་བསྐྱེད་དོ་ཡོདཔ་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment