གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒང་སྒོ་ལའི་བཙོང་ཁྱིམ་ རྒྱ་བསྐྱེད་གཏང་དགོཔ་ཡོདཔ།

༣༡/༡༢/༢༠༡༢   ས་གོ་དེ་ ཆ་གླིང་མི་སེར་ཚུ་གི་དོན་ལུ་ སོ་ནམ་ཐོན་སྐྱེད་བཙོང་སའི་ ལྟེ་བ་ཅིག་ལུ་ གྱུར་ཡོད་རུང་ ས་གོ་ཆུང་དྲགས་ནི་དེ་གིས་ སོ་ནམ་ཞིང་པ་ཚུ་གིས་ ག་ཐོབ་རྐྱབ་དོ་ཡོདཔ་ཨིན་པས།
༉ མོང་སྒར་དང་ ཀུར་རི་ཟམ་པ་ དེ་ལས་ ལྷུན་རྩེ་ལུ་འགྱོ་སའི་ ལམ་རྒྱ་གྲམ་གྱི་ས་གནས་ སྒང་སྒོ་ལ་དེ་ འདས་པའི་ལོ་ངོ་དག་པ་ཅིག་ལས་ ཆ་གླིང་གཡུས་ཚན་གྱི་ མི་སེར་ཚུ་གི་དོན་ལུ་ གེ་ཟའི་སྲིབ་དང་ སོ་ནམ་ཐོན་སྐྱེད་ཚུ་བཙོང་སའི་ ས་གོ་གཙོ་ཅན་ཅིག་ལུ་གྱུར་ནུག།
ཆ་གླིང་གཡུས་ཚན་གྱི་ མི་སེར་ཚུ་ དྲོ་པ་ཆུ་ཚོད་༥ ལས་འོང་སྟེ་ ཕྱི་རུའི་ཆུ་ཚོད་༥ ཚུན་ གེ་ཟའི་སྲིབ་དང་ སོ་ནམ་ཐོན་སྐྱེད་ཚུ་ བཙོང་སྡོད་པའི་མཐོང་སྣང་།


ས་གོ་དེ་ནང་ གྲོང་གསེབ་མི་སེར་ཚུ་གི་ ཚོང་མགྲོན་པ་གཙོ་བོ་ར་ མོང་སྒར་དང་ ཐིམ་ཕུའི་བར་ན་ འགྲོ་འགྲུལ་འབད་མི་ ལམ་འགྲུལཔ་དང་ དེད་གཡོགཔ་ཚུ་ཨིན་པས།
དེ་འབདཝ་ད་ ད་རེས་ནངས་པ་ གེ་ཟའི་སྲིབ་དང་ སོ་ནམ་ཐོན་སྐྱེད་གཞན་བཙོང་མི་ མངམ་ཐོན་མི་ལུ་བརྟེན་ གྲོང་གསེབ་མི་སེར་ཚུ་ བཙོང་སའི་ས་གོ་ཆུང་ཀུ་ཅིག་ལས་བརྒལ་མེད་མི་དེ་ བདག་བཟུང་འབད་བར་ དྲོ་པ་ཧ་སག་ལོང་སྟེ་ སྒང་སྒོ་ལ་ལུ་འོང་སར་ མཐོང་གསལ་བྱུངམ་ཨིན་པས།
དེ་བཟུམ་སྦེ་ ས་གོ་བཟུང་པར་འོང་མི་ཅིག་ ཆ་གླིང་ལས་ སྐྱེས་ལོ་༣༨ ལང་མི་ ཚེ་རིང་ལ་དེ་ཨིནམ་ད་ ཁོ་གིས་ གནམ་དགུན་གྱི་ གྱང་ཤུགས་ལུ་ འཚེར་སྣང་མ་བསྐྱེད་པར་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ཁར་ལོང་སྟེ་ རྐང་སྟོང་སྦེ་ དངུལ་ཐོག་ཚལ་ལུ་དང་ གེ་ཟའི་སྲིབ་ཚུ་ སྒལ་ཏོག་གུ་འབག་སྟེ་ དུས་ཡུན་ཚུ་ཚོད་༡ དེ་ཅིག་ ལམ་འགྱོ་བའི་ཤུལ་ལུ་ སྒང་སྒོ་ལ་ལུ་ ལྷོདཔ་ཨིན་པས།
སོ་ནམ་པ་ ཚེ་རིང་ལ་གིས་ སླབ་མིའི་ནང་ དྲོ་པ་ཆུ་ཚོད་༥ དེ་ཅིག་ལུ་ ཚོང་བཙོང་པར་ འགྱོ་མ་ཚུགས་པ་ཅིན་ ཉིནམ་༡ ལུ་ རང་གིས་སྒལ་ཏོ་ཁར་འབག་ཐལ་བའི་ ཁུར་ཆ་ཅིག་ བཙོང་ཚུགས་པར་ ལཱ་ཁག་བཏང་དོ་ཡོདཔ་ལས་ མོང་སྒར་ཁྲོམ་ཁར་ བཙོང་པར་འབག་དགོཔ་ བྱུངམ་མས་ཟེར་ཨིན་པས།
ད་རེས་ནངས་པ་ སྒང་སྒོ་ལ་ལུ་སྡོད་དེ་ སོ་ནམ་གྱི་ ཐོན་སྐྱེད་བཙོང་མི་ཚུ་གིས་ ཉིན་བསྟར་བཞིན་དུ་ དངུལ་ཀྲམ་མཐོ་ཤོས་༦,༠༠༠ དེ་ཅིག་དང་ དམའ་ཤོས་དངུལ་ཀྲམ་༢,༠༠༠ དེ་རེ་ ཐོབ་དོ་ཡོད་མི་ལུ་བརྟེན་ མི་སེར་ཚུ་གིས་ ས་གོ་ག་ཐོབ་རྐྱབ་སྟེ་ དྲོ་པ་གནམ་མ་ལངམ་ལས་ར་ བཙོང་པར་འོང་དོ་ཡོདཔ་ཨིན་པས།
ཁོང་གི་ ཚོང་མགྲོན་པ་ཚུ་ཡང་ ཤར་ཕྱོགས་རྫོང་ཁག་ མོང་སྒར་དང་ བཀྲིས་སྒང་ བཀྲིས་གཡང་རྩེ་ ལྷུན་རྩེ་ཚུ་ལས་ ནུབ་ཕྱོགས་ཁ་ཐུག་ལུ་འགྱོ་མི་ སྐྱེལ་འདྲེན་བཱསི་ཚུ་གི་ ལམ་འགྲུལ་པ་ཚུ་གིས་མ་དོ་བར་ མོང་སྒར་དང་ རྒྱལ་པོའི་ཞིང་ དེ་ལས་ གླིང་མེད་ཐང་ལུ་སྡོད་མི་ ཚོང་པ་དང་ ཞི་གཡོགཔ་ཚུ་གིས་ཡང་ ཚོད་བསྲེ་དང་ ཤིང་འབྲས་ཉོ་བར་ སྒང་སྒོ་ལ་ལུ་ འོང་དོ་ཡོདཔ་ལས་ ད་རེས་ནངས་པ་ སྒང་སྒོ་ལ་གཞུང་ལམ་རྒྱ་གྲམ་དེ་ ཁྲོམ་སྦོམ་ཅིག་གི་ ཚོད་བསྲེ་ཁྲོམ་བཟུམ་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
ད་རུང་ སློབ་གྲྭའི་ཨ་ལུ་ཚུ་གིས་ཡང་ སང་ཕོད་སློབ་གྲྭ་ནང་འགྱོཝ་ད་ ཟད་འགྲོའི་ལྷན་ཐབས་འབྱུང་ནིའི་དོན་ལུ་ ཚལ་ལུ་དང་ གེ་ཟ་སྲིབ་ དེ་ལས་ དངུལ་ཐོག་གཞན་ ཚོད་བསྲེ་ཀོ་པི་དང་ ཀེ་བ་ལ་སོགས་པ་ཚུ་ བཙོང་དོ་ཡོདཔ་ལས་ ས་གནས་དེ་ནང་ ཉིན་བསྟར་བཞིན་དུ་ ཚོང་བཙོང་མི་༥༠ ལྷགཔ་ཅིག་ཡོདཔ་ལས་ ས་གོ་ལངམ་མེད་པའི་ དཀའ་ངལ་སྦོམ་འདུག་ཟེར་ ཚོང་བཙོང་མི་ཚུ་གིས་ སླབ་ཨིན་པས།
ཧེ་མ་འབད་བ་ཅིན་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལོ་ཐོག་གཙོ་ཅན་ཅིག་ཨིན་མི་ གེ་ཟ་དེ་ བཞེས་སྒོ་ཁ་རང་བཟའ་ནི་དང་ ཆང་བཙོ་འཐུང་ནིའི་དོན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་ཡོད་རུང་ ད་རེས་ནངས་པ་ དངུལ་གྱི་འབབ་ཁུངས་གཙོ་ཅན་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ སོ་ནམ་ཞིང་པ་མང་ཤོས་ཅིག་གིས་ གེ་ཟའི་སྲིབ་བརྡུངས་ཏེ་ བཙོང་ནི་དེ་གིས་ཨིན་པས།
གཞུང་ལམ་ཁར་ ཉིན་བསྟར་བཞིན་དུ་ གེ་ཟའི་སྲིབ་བཙོང་པར་འོང་མི་ སྐྱེས་ལོ་༣༠ ལང་མི་ སངས་རྒྱས་ཀྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ འདས་པའི་ལོ་དག་པ་ཅིག་གི་ཧེ་མ་ལས་ གཡུས་ཚན་དེ་ནང་ སྲིབ་བརྡུང་འཕྲུལ་བཙུགས་ཞིནམ་ལས་ཚུར་ དངུལ་གྱི་འོང་འབབ་ཅིག་ལུ་ གྱུར་སོ་ཡི་ཟེར་ཨིན་པས།
མོ་གིས་ ལོ་བསྟར་བཞིན་དུ་ གེ་ཟ་སྲིབ་ལུ་བརྟེན་ དངུལ་གྱི་འོང་འབབ་ཉུང་ཤོས་ དངུལ་ཀྲམ་༦༠,༠༠༠ དེ་ཅིག་ བཟོ་ཚུགས་མི་དེ་གིས་ བཟའ་ཚང་འཚོ་སྐྱོང་འཐབ་ནི་དང་ ཨ་ལུ་ཚུ་ སློབ་གྲྭ་ནང་ གཏང་ནི་གི་ ཟད་འགྲོ་ལུ་ ལྷན་ཐབས་འབདཝ་མས་ཟེར་ སླབ་དོ་ཡོདཔ་ད་ མོ་གི་རྨགཔ་དེ་ ལཱ་སར་འགྱོཝ་ད་ མོ་གིས་ ཉིན་བསྟར་བཞིན་དུ་ སྒང་སྒོ་ལས་ལུ་སོང་སྟེ་ སྲིབ་དོ་ཡོདཔ་ཨིན་རུང་ བཙོང་སའི་ས་གོ་ཆུང་དྲགས་ནི་དེ་གིས་ ས་གོ་ཐབ་རྐྱབ་དགོཔ་ བྱུང་མི་ལུ་བརྟེན་ གཞུང་གི་ཁ་ཐུག་ལས་ ས་གོ་ག་སྦོམ་སྦེ་ བཟོ་གནང་པ་ཅིན་ མོ་བཟུམ་མའི་ གྲོང་གསེབ་མི་སེར་ཚུ་ལུ་ བྱ་སྟབས་བདེ་ནི་མས་ཟེར་ སླབ་ཨིན་པས།
ད་རུང་ སྐྱེས་ལོ་༤༧ ལང་མི་ ཡེ་ཤེས་ཀྱིས་ཡང་ ད་རེས་ནངས་པ་ ལཱ་ཕྱམ་ཕྱིམ་ག་དེ་ཅིག་ཡོད་རུང་ དེ་ཚུ་ རྒྱབ་ཁར་བཤོལ་བཞག་སྟེ་ གེ་ཟའི་སྲིབ་བཙོང་ནི་ལུ་ ཤུགས་བཏོན་དོ་ཡོདཔ་ད་ ཁོ་གིས་ ས་ཞིང་ཨེ་ཀར་༥ དེ་ཅིག་ནང་ འཛུགས་སྐྱོང་འབད་མི་ གེ་ཟའི་ཐོན་སྐྱེད་ཕྱེད་ཀ་དེ་ཅིག་བཙོང་ཐོག་ལས་ དངུལ་རྐྱང་གི་ འབབ་ཁུངས་བཟོ་དོ་ཟེར་ སླབ་ཨིན་པས།
ཡེ་ཤེས་ཀྱིས་ ན་ཧིང་ གེ་ཟའི་སྲིབ་དང་ ཚལ་ལུ་བཙོང་སྟེ་ དངུལ་ཀྲམ་༧༠,༠༠༠ དེ་ཅིག་ ཐོབ་ཡོདཔ་ད་ དུས་ཅི་ཡང་ གོང་ཚད་ལེགས་ཤོམ་ཐོབ་ཚུགས་དོ་ཡོདཔ་ལས་ འོང་འབབ་དངུལ་ཀྲམ་༨༠,༠༠༠ དེ་ཅིག་ ཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ སླབ་ཨིན་རུང་ སྒང་སྒོ་ལ་ལུ་བཙོང་མི་ མང་སུ་ཐོན་དོ་ཡོདཔ་ལས་ ད་ལྟོ་བཙོང་ཁང་ཡོད་མི་བཟུམ་ཅིག་ ད་རུང་ གཞུང་གིས་ རྐྱབ་གནང་པ་ཅིན་ བཀྲིན་ཆེ་ནི་མས་ཟེར་ཨིན་པས།
ཟླཝ་༡ དེ་ཅིག་གི་ཧེ་མ་ལས་ཐོན་མི་ གེ་ཟ་སྲིབ་གསརཔ་དེ་ ད་རེས་ནངས་པ་ མོང་སྒར་ཁྲོམ་ཁར་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༡༠༠ འི་བར་ན་ བཙོང་དོ་ཡོདཔ་ད་ འགོ་ཐོག་ཐོནམ་ད་ གོང་ཚད་དངུལ་ཀྲམ་༢༠༠ རེ་སྦེ་ བཙོང་ཡོདཔ་ཨིན་རུང་ དུས་ཚོད་འབྱིད་ཞིནམ་ལས་ གེ་ཟ་སྲིབ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠ ལུ་ མར་ཕབ་འབད་དེ་ བཙོང་དོ་ཟེར་ ཚེ་རིང་ལ་གིས་ སླབ་ཨིན་པས།
ཁོ་གིས་ ཁོ་རའི་ སྐམ་ཞིང་གླང་དོ་ཕྱེད་དང་༣ དེ་ཅིག་ནང་ གེ་ཟ་འཛུགས་སྐྱོང་འབད་དོ་ཡོདཔ་མ་ཚད་ ས་ཆ་ལྷག་ལུས་ཨེ་ཀར་༢ དེ་ཅིག་ནང་ ཚོད་བསྲེ་ཀེ་བ་དང་ བན་ད་ཀོ་པི་ལ་སོགས་པ་ཚུ་ འཛུགས་སྐྱོང་འབད་དེ་ ལོ་བསྟར་བཞིན་དུ་ དངུལ་གྱི་འོང་འབབ་དངུལ་ཀྲམ་༢༠༠,༠༠༠ དེ་ཅིག་ བཟོ་ཚུགས་པས་ཟེར་ཨིན་པས།
ད་ལྟོ་ ཚོང་པ་ཤོང་ཚད་༣༠ དེ་ཅིག་གི་ སོ་ནམ་ཐོན་སྐྱེད་ཚུ་བཙོང་སའི་ ཁྱིམ་དེ་ཡང་ འདས་པའི་ཟླཝ་དག་པ་ཅིག་གི་ཧེ་མར་ཡོད་མི་ བཙོང་ཁྱིམ་དེ་ ཆ་གླིང་རྒེད་འོག་གིས་ རྒྱ་བསྐྱེད་འབད་ཡོད་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment