གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟའ་འཐུང་འཛིན་སྐྱོང་འཐབ་ཐངས།

༢༢/༡༢/༢༠༡༢   ༉ ཐིམ་ཕུ་རྟ་རྦབ་ འབྲུག་རྒྱལ་སྤྱི་མགྲོན་སྐྱོང་ཁང་དང་ ལྟ་བཤལ་སློབ་སྦྱོང་སྤེལ་ཁང་གིས་ མཉམ་འབྲེལ་ཐོག་ལས་ རྒྱལ་ཁབ་ནང་ ཤེས་ཡོན་མ་ལྷབ་མི་ཚུའི་དོན་ལུ་དམིགས་ཏེ་ གནམ་དགུན་གྱི་ བཟའ་འཐུང་འཛིན་སྐྱོང་གི་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་དོ་ཡོད་མིའི་ནང་ ན་གཞོན་དང་ རྒན་ཤོས་བཅས་ མི་གྲངས་༡༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།


སྦྱོང་བརྡར་ལས་རིམ་ཚུ་གི་གྲས་ལས་ འབྲུག་གོང་འཕེལ་དངུལ་ཁང་གིས་ མ་དངུལ་གྱི་རྒྱབ་སྐྱོར་འབད་ཡོད་མི་ མངར་རྫས་སྦྱོང་བརྡར་དེ་ སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་ འགོ་བཙུགས་ཡོདཔ་ད་ དེ་ནང་ མི་གྲངས་༣༥ ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ བཅའ་མར་གཏོགས་མི་ཚུ་ལུ་ མངར་རྫས་བཟོ་ཐངས་ཀྱི་སྐོར་ལས་ བདུན་ཕྲག་༡ གི་རིང་ ཡིག་ཐོག་གི་ གཞི་རྟེན་ཤེས་ཡོན་བྱིན་ཡོདཔ་ད་ ཁ་ཙ་ལས་ མངར་རྫས་ཀྱི་རིགས་༡༣ དེ་ཅིག་ བཟོ་ཐངས་ཀྱི་ དཔེ་སྟོན་སྦྱོང་ལཱ་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།
མངར་རྫས་བཟོ་ཐངས་ཀྱི་ སློབ་སྟོན་པ་ ཡེ་ཤེས་ཚེ་རིང་གིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ཚུ་གི་ སྤྲོ་བ་དང་འཁྲིལ་ཏེ་ མངར་རྫས་བཟོ་ཐངས་དང་འབྲེལ་བ་མེད་རུང་ རྒུན་འབྲུམ་གྱི་ཆང་བཟོ་ཐངས་ཚུ་ཡང་ སྟོན་བྱིན་དོ་ཟེར་ཨིནམ་ད་ ཨིན་རུང་ ཁོང་རའི་སྤྲོ་བ་དང་འཁྲིལ་ཏེ་ སྟོན་བྱིན་ནི་མ་གཏོགས་ གདམ་ཁ་གཞན་མེད་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་གིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་དེ་ཡོད་མི་ ཟླཝ་༦ འབད་མི་ ཁང་གཉེརཔ་དང་ ཐབ་ཚངཔ་ དེ་ལས་ བཟའ་འཐུང་གི་སྦྱོང་བརྡར་ཁག་༣ ཡོད་མི་ཚུ་ སྤྱི་ལོ་༢༠༡༣ ཟླ་༡ པའི་ཚེས་༡ ལས་ འགོ་བཙུགས་ནི་ཨིན་པས།
སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་མི་ དེད་གཡོགཔ་དང་ མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ ཤེས་ཡོན་མ་ལྷབ་མི་ ནང་གི་ཨམ་ ལྟ་བཤལ་ལམ་སྟོན་པ་ ཚོང་པ་ཚུ་ཡོད་པའི་གྲས་ལས་ ཤེས་ཡོན་མེད་མི་ ནང་གི་ཨམ་ཚུ་ལུ་ ཡང་བསྐྱར་དུ་ སྟོན་བྱིན་དགོ་ནི་དེ་གིས་ ལཱ་ཁག་རྐྱབ་དོ་ཡོད་རུང་ ཁོང་གིས་ སྤྲོ་བ་ལེན་མི་ལུ་ལྟ་སྟེ་ འཚེར་སྣང་མེད་པར་ སྟོན་བྱིན་དགོ་མནོཝ་མས་ཟེར་ བཟའ་འཐུང་ཞབས་ཏོག་གི་སློབ་སྟོན་པ་ རུཌ་ར་ གི་རི་གིས་ སླབ་ཨིན་པས།
བཅའ་མར་གཏོགས་མི་ ནང་གི་ཨམ་ བསོད་ནམས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཤེས་ཡོན་མ་ལྷབ་རུང་ མངར་རྫས་བཟོ་ཐངས་ཀྱི་སྐོར་ལས་ སློབ་སྦྱོང་འབད་དེ་ ཚོང་ལཱ་འབད་ནི་ཨིནམ་ལས་ དེ་བཟུམ་གྱི་ སྦྱོང་བརྡར་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་ཐོབ་མི་དེ་ ཁ་རྗེ་བཟང་ནུག་ཟེར་ཨིན་པས།
རྒྱལ་གཞུང་ཐིམ་ཕུ་སློབ་གྲྭའི་སློབ་ཕྲུག་ ཆོས་སྐྱིད་སྒྲོལ་མ་གིས་ སླབ་མིའི་ནང་ འཛིན་སྐྱོང་ཤེས་ཡོན་གྱི་དོན་ལུ་ རང་གིས་སྦེ་ ལྷབ་དགོ་པ་ཅིན་ ཟད་འགྲོ་སྦོམ་གནས་དོ་ཡོདཔ་ལས་ དེ་བཟུམ་སྦེ་ རིན་མེད་སྟོང་པར་ལྷབ་ནི་ཐོབ་ད་ གོ་སྐབས་ལེན་དགོཔ་ ཁག་ཆེ་བས་ཟེར་ཨིནམ་ད་ མོ་ར་ལུ་ སྤྲོ་བ་ཡོད་ནི་དེ་གིས་ སྦྱོང་བརྡར་ནང་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
སྦྱོང་བརྡར་ལས་རིམ་མཇུག་བསྡུཝ་ཅིག་ དྲི་བ་དྲིས་ལན་གྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་སྟེ་ བཟའ་ཁང་ཚུ་གིས་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་བྱིན་ནི་ཨིནམ་ད་ འདས་པའི་ལོ་༢ ནང་ བཟའ་ཁང་ལེ་ཤ་ཅིག་གིས་ བཅའ་མར་གཏོགས་མི་༣ དང་༤ དེ་ཅིག་ལུ་ ལཱ་གཡོག་བྱིན་ཡོདཔ་མ་ཚད་ ལ་ལུ་ཅིག་གིས་ ཁོང་རའི་བཟའ་ཁང་དང་ མངར་རྫས་ཚོང་ཁང་བཙུགས་ཏེ་ཡོད་ཟེར་ ཆོས་སྒྲོན་གྱིས་ སླབ་ཨིན་པས།
སྦྱོང་བརྡར་ནང་ བཟའ་བཅའ་འགྲོ་གསུམ་གྱི་སྐོར་ལས་ སློབ་སྟོན་འབད་བྱིན་དོ་ཡོདཔ་མ་ཚད་ འགྲོ་བ་མིའི་སྤྱོད་ལམ་བཟང་པོ་དང་ ངན་པའི་སྐོར་ལས་ཡང་ སྟོན་བྱིན་དོ་ཟེར་ སྒྲིག་ལམ་གྱི་ སློབ་སྟོན་པ་ གངས་དཀར་དབང་འདུས་ཀྱིས་ སླབ་ཨིན་པས།
འབྲུག་རྒྱལ་སྤྱི་མགྲོན་སྐྱོང་ཁང་དང་ ལྟ་བཤལ་སློབ་སྦྱོང་སྤེལ་ཁང་གི་ གནས་དེབ་དང་འཁྲིལཝ་ད་ གནམ་དགུན་གྱི་ འཛིན་སྐྱོང་ལས་རིམ་ འགོ་འདྲེན་འཐབ་སྟེ་ ལོ་༣ ལང་དོ་ཡོདཔ་ད་ བཅའ་མར་གཏོགས་མི་དང་ སྤྲོ་བ་ལེན་མི་ཡང་ ལོ་རིམ་བཞིན་དུ་ ཡར་འཕར་འགྱོ་དོ་ཟེར་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ མི་གྲངས་༧༠ དང་ སྤྱི་ལོ་༢༠༡༡ ལུ་ མི་གྲངས་༨༠ གིས་ ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་ད་ སྤྱི་ལོ་༢༠༡༢ ལུ་ མི་གྲངས་༡༠༠ གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

ནོར་འཛིན་ལྷ་མོ།

No comments:

Post a Comment