གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ལས་ བདེ་མཆོག་དྲུག་ཅུ་མའི་ བཀའ་དབང་དངོས་གཞི་དབུ་འཛུགས།

༢༧/༡༢/༢༠༡༢   ༉ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དད་ཅན་འབུམ་༡ ལྷགཔ་ཅིག་ལུ་ ཆོས་རྗེ་འགྲོ་བའི་མགོན་པོ་ གཙང་པ་རྒྱ་རས་དང་ ཞབས་དྲུང་དག་སྣང་མའི་ བཀའ་དབང་གནང་ཡི།
འགྲོ་མགོན་གཙང་པ་རྒྱ་རས་དེ་ དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་རིང་ལུགས་ འགོ་དང་པ་སྤེལ་མི་ཨིནམ་ད་ དེ་ཡང་ ཁོ་གིས་ བོད་ར་ལུང་ལུ་ འབྲུག་མ་སྨད་༩ གནམ་ཁར་འཕུར་གཟིགས་པའི་ཤུལ་ལས་ དེ་གི་རྟེན་འབྲེལ་ལུ་ འགྲོ་བའི་མགོན་པོ་ གཙང་པ་རྒྱ་རས་ཀྱིས་ སྤེལ་པའི་ཆོས་ལུ་ འབྲུག་པ་ཟེར་ བཏགས་གནང་ཡོདཔ་ཨིན་པས། 

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།


དེ་ལས་བརྒྱུད་དེ་ བཀའ་བརྒྱུད་ཆེ་བ་༤ དང་ཆུང་བ་༨ ལུ་ དར་ཁྱབ་སོང་ཡོདཔ་ཨིན་པས།
འབྲུག་ལུ་འབད་བ་ཅིན་ འབྲུག་པ་བཀའ་བརྒྱུད་པའི་ བསྟན་པ་དེ་ སྤྱི་ལོ་༡༦༡༦ ལུ་ བོད་ལས་ཆིབས་ཁ་ལྷོ་ལུ་བསྒྱུར་གནང་མི་ འབྲུག་གི་བཀའ་དྲིན་ཅན་གྱི་བདག་ཉིད་ བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ དར་ཁྱབ་རྒྱ་ཆེཝ་སྦེ་ གནང་ཡོདཔ་ད་ དེ་གི་ཧེ་མར་ བཀའ་བརྒྱུད་ཀྱི་ བསྟན་པ་དེ་ སྔོན་བྱོན་རྒྱལ་བ་གོངམ་ ཆོས་རྗེ་འབྲུག་པ་ཀུན་ལེགས་དང་ བླམ་ངག་དབང་ཆོས་རྒྱལ  ཕ་ཇོ་འབྲུག་སྒོམ་ཞིག་པོ་ཚུ་གིས་ ཁྱབ་སྤེལ་་གནང་ཡོདཔ་ཨིན་པས།
གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེའི་ བཀའ་དབང་དང་གཅིག་ཁར་ ཞབས་དྲུང་དག་སྣང་མའི་ བཀའ་དབང་ཡང་གནང་ཡི།
མདོ་སྡེ་བྲག་བཤད་གྲྭའི་དབུ་འཛིན་ ཀུན་ལེགས་བསྟན་འཛིན་གྱིས་འབད་བ་ཅིན་ ཞབས་དྲུང་དག་སྣང་མ་ཟེར་མི་དེ་ འབྲུག་རྒྱལ་དང་པ་ གོང་ས་ཨྱོན་དབང་ཕྱུག་མཆོག་གི་ རྩ་བའི་བླམ་གསེར་ཀོང་རྡོ་རྗེ་འཆང་དང་ ཞིང་གཤེགས་དམ་པ་ སྐྱབས་རྗེ་དགེ་འདུན་རིན་ཆེན་མཆོག་གིས་ ཞབས་དྲུང་ངག་དབང་རྣམ་རྒྱལ་སྐུ་དངོས་སྦེ་ དག་སྣང་ཟེར་ ཉམས་སྣང་གི་ཐོག་ལུ་ མཇལ་མི་ལས་སྤེལ་བའི་ དབང་ལུང་ཁྲིད་གསུམ་ཨིན་ཟེར་ཨིན་པས།
ཞབས་དྲུང་དག་སྣང་མའི་སྐོར་ མདོར་བསྡུས་ཅིག་ བཤད་པ་ཅིན་ ཐེག་པ་ཐེག་ཆུང་གཉིས་ལས་ ཐེག་པ་ཆེན་པོ་ཨིནམ་ལས་ འདི་ལུ་ མདོ་མཚན་ཉིད་ཐེག་པ་དང་ གསང་སྔགས་རྡོ་རྗེ་ཐེག་པ་༢ ཡོད་མི་འདི་ནང་ གསང་སྔགས་རྡོ་རྗེ་ཐེག་པའི་ཁོངས་སུ་ གཏོགསཔ་ཨིན་པས།
གསང་སྔགས་རྡོ་རྗེ་ཐེག་པ་འདི་ལུ་ཡང་ སྔ་འགྱུར་རྙིང་མ་དང་ ཕྱི་འགྱུར་བསམ་པ་ཟེར་གཉིས་ཡོད་མི་ལས་ སྔ་འགྱུར་རྙིང་མའི་ཁོངས་སུ་གཏོགསཔ་བཞིན་དུ་ འདི་ལུ་ རིམ་བརྒྱུད་ཀརྨ་དང་གནས་བརྒྱུད་གཏེར་མ་ ཤིན་ཏུ་གནས་བརྒྱུད་དག་སྣང་གི་ ཆོས་ཀྱི་ཁོངས་སུ་གཏོགསཔ་ཨིན་པས།
ཤིན་ཏུ་གནས་བརྒྱུད་དག་སྣང་དེ་ དང་པ་ར་ གུ་རུ་རིན་པོ་ཆེ་གིས་ ཞབས་དྲུང་ངག་དབང་རྣམ་རྒྱལ་ལུ་ དུས་རྒྱུན་དུ་ ཞལ་གཟིགས་ཏེ་ དག་སྣང་གི་ ཆོས་མང་རབས་ཅིག་ གནང་ཡོདཔ་ཨིན་པས།
གུ་རུ་རིན་པོ་ཆེ་ རང་གི་ལུང་ལས། ཨོ་རྒྱན་ང་དང་རྟག་ཏུ་བཀའ་མདོ་མཛད། །འདི་དང་སུ་འབྲེལ་བདེ་བ་ཅན་དུ་སྐྱེ། །ཟེར་གསུངས་ཡོད་རུང་ ཞབས་དྲུང་རིན་པོ་ཆེ་སྐུ་དངོས་སུ་སྦེ་ བཞུགས་པའི་སྐབས་ལུ་ ཐུགས་ཟབ་པའི་དབང་གིས་ དག་སྣང་བྱུང་ཚུལ་ཚུ་ མངོན་སུམ་དུ་ མ་གསུངས་པར་གནངམ་ལས་ ཤུལ་ལས་ གོང་ས་ཨྱོན་དབང་ཕྱུག་གི་སྐབས་ལུ་ བོད་ལས་ རྡོ་རྗེ་འཆང་ ངག་དབང་ཚུལ་ཁྲིམས་དོན་ལྡན་ཟེར་མི་ཅིག་ བུམ་ཐང་སྐུ་རྗེས་ལུ་ གདན་འདྲེན་ཞུ་སྟེ་ བླ་མ་དགོངས་འདུས་ཀྱི་སྒོ་ལས་ ཚེས་བཅུ་གནང་ གུ་རུ་རིན་པོ་ཆེ་ལུ་ གསོལཝ་བཏབ་སྟེ་ གཟིམ་པའི་ཉམས་སྣང་ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ ཞལ་གཟིགས་ཏེ་ འཆི་མེད་རྟ་དྲུང་མ་ཟེར་མིའི་ བླ་སྒྲུབ་ཀྱི་ དམ་པ་གནང་གནངམ་ཨིན་པས།
དམ་པ་གནང་མིའི་ གནད་དོན་ཡང་ སངས་རྒྱས་ཀྱི་ བསྟན་པ་རྒྱས་ནི་དང་ དུས་ཀྱི་སྙིགས་མ་ལྔ་བདོའི་སྐབས་ལུ་ ནད་ཡམས་མུ་གེ་འཁྲུགས་རྩོད་ཚུ་ཞི་ནི་དང་ མི་ཕྱུགས་ནད་རིགས་ཐམས་ཅད་ཞི་སྟེ་ ཤེས་སྒྲུབ་ཀྱི་ བསྟན་པ་སྤེལ་ནི་དང་ ལྷག་པར་དུ་ རྒྱལ་བློན་འབངས་གསུམ་དང་བཅས་པ་ལུ་ཕན་ཟེར་གསུངས་ཏེ་ གསེར་འབུམ་རྡོ་རྗེ་འཆང་ ཚུལ་ཁྲིམས་དོན་ལྡན་གྱིས་ གོང་ས་ཨྱོན་དབང་ཕྱུག་ལུ་ ཐུགས་དམ་སྦེ་གནང་ གོང་ས་ཨྱོན་དབང་ཕྱུག་གིས་ ཐུགས་དམ་སྦེ་ ཉམས་སུ་བཞེས་ཏེ་ ད་ལྟོ་ འབྲུག་རྒྱལ་ཁབ་འདི་ ལེགས་ཤོམ་སྦེ་ བྱུང་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཨིན་པས།
ཀུན་ལེགས་བསྟན་འཛིན་གྱིས་འབད་བ་ཅིན་ དབང་ཐོབ་པའི་ཕན་ཡོན་དེ་ འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་དང་ ཞབས་དྲུང་ངག་དབང་རྣམ་རྒྱལ་༢ ཀྱི་ སྐུ་དང་གསུང་ དེ་ལས་ ཐུགས་ཀྱི་བྱིན་རླབས་ཐོབ་སྟེ་ སངས་རྒྱས་ནི་གི་ གོ་སྐབས་ཡོད་ཟེར་ཨིན་པས།
ད་རིས་ལས་ དབང་ངོ་མ་ དཔལ་བདེ་མཆོག་འཁོར་པོ་སྡོམ་པ་དེ་ འགོ་བཙུགས་ནི་ཨིནམ་ད་ བདེ་མཆོག་ལུ་ ལྷམ་པ་མ་འདྲཝ་ལེ་ཤ་ཡོད་མའི་གྲས་ལས་ བདེ་མཆོག་དྲུག་ཅུ་མ་དང་ བདེ་མཆོག་སུམ་ཅུ་མ་ དེ་ལས་ བདེ་མཆོག་ལུས་དཀྱིལ་དང་ ལྷན་སྐྱེས་ཀྱི་བཀའ་དབང་གནང་ནི་ཨིན་པས།
བདེ་མཆོག་འཁོར་ལོ་སྡོམ་པ་དེ་ འབྲུག་པ་བཀའ་བརྒྱུད་ཀྱི་ ཡིད་དམ་ལྷ་ངོ་མ་ཅིག་ཨིནམ་ད་ ད་རིས་ གནང་ནི་ཨིན་མི་དེ་ ཏི་ལི་ཤེས་རབ་བཟང་པོ་གིས་ ནུབ་ཕྱོགས་ཨྱོན་ཡུལ་ལུ་ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ སྐུ་དངོས་མཇལ་ཏེ་ མོ་ལས་ཞུ་མིའི་ རིང་ལུགས་ཨིན་ཟེར་ དབུ་འཛིན་ཀུན་ལེགས་བསྟན་འཛིན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment