གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གས་རྫས་གས་མི་ལུ་བརྟེན་ གག་འགྲམ་ཞུགས་ཡོད་པའི་དོགས་སྣང་།

༢༢/༡༢/༢༠༡༢   ༉ ཀྲོང་གསར་ཁྲོམ་གྱི་ ཉེ་འདབས་ལས་ཕར་ སྡོད་མི་ཚུ་གིས་ ཀྲོང་གསར་རྫོང་དང་ ལྟ་རྫོང་ དེ་ལས་རྫོང་གི་གདོང་ཕྱོགས་ལུ་ཡོད་པའི་བཟའ་ཁང་ཅིག་ལུ་ གག་འགྲམ་གསརཔ་ཞུགས་ཡོད་མི་ཚུ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཆུ་མཛོད་རྐྱབ་སའི་ ས་ཁོངས་ནང་ གས་རྫས་གས་མི་ལུ་བརྟེན་ཏེ་ཨིན་པའི་ དོགས་པ་ཡོད་ཟེར་ཨིན་པས།
གྱང་རྩིག་ལུ་ འགག་འགྲམ་ཞུགས་མི་ ཀྲོང་གསར་ལྟ་རྫོང་།


ལྟ་རྫོང་འགྲེམ་སྟོན་ཁང་གི་ ཅ་རྙིང་འཛིན་སྐྱོང་པ་ བློ་གྲོས་ཀྱིས་སླབ་དོ་བཟུམ་འབད་བ་ཅིན་ ཐོག་ཚད་༣ འབད་མི་ ལྟ་རྫོང་གི་ མཚམས་ཁང་དང་ སྲུང་རྒྱབ་སྡོད་སའི་ གྱང་རྩིག་ཚུ་ལུ་ སེར་གུ་གསརཔ་ཐོན་མི་ལུ་བརྟེན་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
སེར་གུ་ཚུ་ཡང་ འཕྲལ་ཁམས་ཅིག་ཁར་ ཐོན་ཡོདཔ་ད་ ཆུ་མཛོད་རྐྱབ་མི་ ཇའི་པར་ཀཱཤི་ལས་སྡེའི་ མཁས་མཆོག་༣ ལུ་ བརྟག་ཞིབ་འབད་བཅུག་པའི་སྐབས་ སེར་གུ་ཚུ་ རྙིངམ་ཨིནམ་ལས་ གས་རྫས་གས་མི་ལུ་བརྟེན་མེནམ་སྦེ་ སླབ་མས་ཟེར་ཨིན་པས།
ཁོ་གིས་སླབ་མའི་ནང་ ཞིབ་དཔྱད་འབད་མི་ཚུ་ག་ར་ རྒྱ་གར་ལས་འབད་ནི་དེ་གིས་ གག་འགྲམ་ཚུ་ གས་རྫས་གས་མི་ལུ་བརྟེན་ཏེ་ཨིན་རུང་ མེན་ཟེར་སླབ་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།
བློ་གྲོས་ཀྱིས་ སླབ་མིའི་ནང་ འབྲུག་པའི་མཁས་མཆོག་ཚུ་གིས་ ཞིབ་དཔྱད་མཐིལ་ཕྱིན་འབད་བ་ཅིན་ ཧ་གོ་ཚུགས་ནི་ཨིནམ་མ་ཚད་ ཆུ་མཛོད་རྐྱབ་སའི་ས་ཁོངས་ནང་ གས་རྫས་གས་པའི་ཤུགས་ཀྱིས་ ལྟ་རྫོང་གི་ སྒོ་སྒྲིག་ཚུ་ཡང་ སྤརཝ་མས་ཟེར་ཨིན་པས།
ཆུ་མཛོད་རྐྱབ་མི་ ཇའི་པར་ཀཱཤི་ལས་སྡེའི་ བཟོ་རིག་འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉིནམ་རེ་ལུ་ གས་རྫས་ཐེངས་༤ དེ་ཅིག་ལས་ མ་བཀལ་མི་དེ་ཡང་ གནོད་པ་ག་དེ་ཉུང་ཉུང་གི་ཐོག་ལས་ ཐབས་ལམ་ཚུ་བཏོན་དོ་ཟེར་ཨིན་པས།
གས་རྫས་ཚུ་གིས་ ཀྲོང་གསར་རྫོང་གི་ གྱང་རྩིག་ཚུ་ལུ་ ཧེ་མ་ལས་ སེར་གུ་དུམ་གྲ་རེ་ ཐོན་ཡོད་མི་ཚུ་ སྦོམ་འགྱོ་ནིའི་ ཉེན་ཁ་ཡོདཔ་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་གི་གྱང་རྩིག་ཚུ་ལུ་ གནོད་སྐྱོན་སྦོམ་མ་བྱུང་རུང་ སེར་གུ་གསརཔ་ དུམ་གྲ་རེ་ ཐོན་ཏེ་འདུག་ཟེར་ཨིན་པས།
བཟོ་རིག་འགོ་དཔོན་འོགམ་གིས་ སླབ་མིའི་ནང་ སྤྱིར་བཏང་གས་རྫས་ཀྱིས་ ས་གོ་ནང་ལས་ མི་ཊར་༣༠༠ ཚུན་ བྱེམ་ཕོག་དོ་ཡོདཔ་ཨིན་རུང་ ཀྲོང་གསར་རྫོང་དེ་ མི་ཊར་༡,༦༠༠ དེ་ཅིག་གི་ ས་ཁར་ཨིན་མས་ཟེར་ཨིན་པས།
གནོད་སྐྱོན་བྱུང་མི་ཅིག་ རྫོང་གི་གདོང་ཕྱོགས་ལུ་ཡོད་པའི་ ནིའུ་ལི་བཟའ་ཁང་ཨིནམ་ད་ ཇོ་བདག་ཀརྨ་ཚུལ་ཁྲིམས་ཀྱིས་འབད་བ་ཅིན་ ལས་འགུལ་གྱི་ས་ཁོངས་ནང་ གས་རྫས་འགོ་དང་པ་ གས་པའི་སྐབས་ལས་ར་ སྒོ་སྒྲིག་གི་ཤེལ་ཚུ་ ཆག་སོ་ཡི་ཟེར་ཨིན་པས།
ཇེ་པི་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ལས་ ད་ལྟོ་ ག་ནི་ཡང་ སླབ་མི་ཚུགས་ཟེར་ཨིནམ་ད་ དཀའ་ངལ་སེལ་ཐབས་ལུ་ ཚན་རིག་པ་ཚུ་དང་ འཁྲིལ་དགོ་ཟེར་ སླབ་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ མཁས་མཆོག་ཚུ་ག་ར་ རྒྱ་གར་ལས་འབད་ནི་དེ་གིས་ དྲང་བདེན་ཐོག་ལས་ མི་འབད་ནིའི་ཉེན་ཁ་འདུག་ཟེར་ཨིན་པའི་གནས་ཚུལ།

ཀྲོང་གསར་ལས་ བཀྲིས་བསྟན་འཛིན།

No comments:

Post a Comment