གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེན་སྲུང་མེད་པའི་ ལྕགས་ཁྲམ་སྒོ་ར་ལུ་བརྟེན་ ཨ་ལུ་༡ ལུ་ཤི་རྐྱེན།

༢༦/༡༢/༢༠༡༢   ཨ་ལུ་ལམ་འགྱོ་ཤེསཔ་ཙམ་ཅིག་འབད་མི་ལུ་ རྐྱེན་ངན་བྱུང་མི་དེ་གིས་ ཨ་ལུའི་གླིང་ཀའི་ ཉེན་སྲུང་དང་ འགན་འཁྲི་ལུ་དྲི་བཀོད།
༉ ཁ་ཙ་ ལོ་༢ ཀྲིག་ཀྲི་ལང་ནི་ཨིན་པའི་ ཨ་ལུ་བུཚ་ཅིག་ སྤྱི་ཟླ་༡༢ པའི་ཚེས་༢༢ ཀྱི་ཕྱི་རུ་ཁམས་ཅིག་ཁར་ ཐིམ་ཕུ་ལྕང་གླིང་མི་ཐང་གི་འོག་ལུ་ བརྒྱ་འཁོར་ཨ་ལུའི་གླིང་ཀའི་ ལྕགས་ཁྲམ་སྒོ་ར་འགྱེལ་འོངམ་ད་ མགུ་ཏོ་ཁར་ཕོག་སྟེ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཨ་ལུ་ཚབས་ཆེན་སྨན་བཅོས་སྡེ་ཕྲན་ནང་ བསྐྱལ་བའི་ཤུལ་ལུ་ དེ་གི་ནངས་པ་དྲོ་པར་ ཤི་སོཔ་ཨིན་པས།
ཐིམ་ཕུ་བརྒྱ་འཁོར་ ཨ་ལུའི་གླིང་ཀ་ནང་འགྱོ་སའི་ ལྕགས་ཁྲམ་འཛུལ་སྒོ།


དེ་ཡང་ ཨ་ལུ་ལམ་འགྱོ་ཤེསཔ་ཙམ་ཅིག་འབད་མི་དེ་ བུ་རྫིཔ་དང་གཅིག་ཁར་ ཨ་ལུའི་གླིང་ཀ་ནང་ ལམ་འགྱོ་བའི་བར་ན་ མཐུད་མཚམས་ལས་ ཐོན་འོང་མི་ ལྕགས་ཁྲམ་སྒོ་འཁོར་ལོ་ཅནམ་དེ་ གླིང་ཀ་དེ་ནང་ རྒྱུག་འོང་མི་ བུཚ་གཞན་ཅིག་གིས་ འཕུལ་བཏངམ་ད་ ཚེ་འདས་ཀྱི་ མགུ་ཏོ་གུ་ ཕོག་ཡོདཔ་ཨིན་པས།
ཉམས་རྒུདཔ་ཨ་ལུའི་ ཉེ་ཚན་ཅིག་གིས་ སླབ་མིའི་ནང་ གླིང་ཀ་དེ་ནང་ཡོད་མི་ བུཚ་༣ གྱིས་ གནོད་སྐྱོན་བྱུང་མི་ ཨ་ལུ་དང་ བི་རྫིཔ་དེ་ གླ་འཁོར་ཅིག་ནང་བཙུགས་ཏེ་ སྨན་ཁང་ནང་ བསྐྱལ་ནུག་ཟེར་ཨིན་པས།
ཨ་ལུའི་ཌོག་ཊར་ ཀུན་ལེགས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ ཨ་ལུ་བུཚ་དེ་ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ སྨན་ཁང་ནང་ དྲན་མེད་སྦེ་ འབག་འོང་ཡོདཔ་ལས་ སི་ཊི་ཨིསི་ཀེན་ཟེར་མི་ པར་བཏབ་ལྟཝ་ད་ ཐོདཔ་གུ་ ཆག་དཀྲུམ་ལེ་ཤ་ཡོད་པའི་ཁར་ ནང་ན་ལས་ ཁྲག་ཐོན་ཡོད་པའི་ མངོན་གསལ་ བྱུང་ཡི་ཟེར་ཨིན་པས།
ཨ་ལུ་དེ་ གཤག་བཅོས་འབད་ཐབས་མེདཔ་ལས་ ལྟ་རྟོག་གི་དོན་ལུ་ ཚབས་ཆེན་སྨན་བཅོས་སྡེ་ཕྲན་ནང་ བཞག་ཡོདཔ་ད་ རེས་གཟའ་ཟླ་བའི་དྲོ་པའི་ཆུ་ཚོད་༥ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཌོག་ཊར་ཀུན་ལེགས་ཚེ་རིང་གིས་འབད་བ་ཅིན་ ལྕགས་ཁྲམ་སྒོ་དེ་གིས་ ཨ་ལུ་ཆུང་ཀུའི་ མགུ་ཏོ་གུ་ཕོག་སྟེ་ ཤི་རྐྱེན་བྱུང་ཡོད་མིའི་ འགན་འཁྲི་དེ་ འབྲེལ་བ་ཅན་ཚུ་ལུ་ ཕོག་དགོཔ་འདུག་ཟེར་ཨིན་པས།
རྐྱེན་ངན་བྱུང་པའི་ཤུལ་ལས་ དེ་གི་འགན་འཁྲི་ག་ལུ་ཕོག་ནི་ཨིན་ན་ཟེར་ དྲི་བཀོད་འབད་དོ་ཡོདཔ་ད་ ཚེ་འདས་ཨ་ལུའི་ ནང་མི་ཚུ་གིས་འབད་བ་ཅིན་ རྐྱེན་ངན་བྱུང་མི་དེ་ལུ་ ག་ལུ་ཡང་ ཁ་གཏང་དགོཔ་མེད་རུང་ ཉེན་སྲུང་གི་ གནད་དོན་ཅིག་སྦེ་ མཐོང་མི་དེ་ཡང་ ཐིམ་ཕུ་ལུ་སྡོད་མི་ ཕམ་མང་ཤོས་ཅིག་གིས་ར་ རང་གི་ཨ་ལུ་ཚུ་ཁྱིད་དེ་ གླིང་ཀ་དེ་ནང་ འགྱོ་དོ་ཡོདཔ་ལས་ ཉེན་སྲུང་གི་ ཚ་གྱང་ལང་དགོཔ་ འདུག་ཟེར་ཨིན་པས།
སྒོ་རའི་ལྕགས་སྒོ་དེ་ ལྕགས་ཁྲམ་དང་ བཙུགས་སྒྲིག་མ་འབད་བར་ ནེ་སྦེ་ར་ ལྷོང་སྟེ་བཞག་ནུག་ཟེར་ ཉེ་ཚན་ཚུ་གིས་ བཤད་ཡོདཔ་ད་ རྐྱེན་ངན་བྱུང་པའི་ཤུལ་ལུ་ ལྕགས་ཀྱི་སྒོ་ཁྲམ་དེ་ ལྕགས་སྐུད་ཀྱིས་ བསྡམས་བཞག་ཡོད་པའི་ མཐོང་གསལ་བྱུང་ནུག།
ཉེ་ཚན་ཚུ་གིས་ གླིང་ཀའི་སྲུང་རྒྱབ་ལུ་ སྒོ་ར་བདག་འཛིན་འཐབ་ནི་གི་ འགན་ཁུར་དེ་ ག་ལུ་ཕོགཔ་ཨིན་ན་ཟེར་ དྲི་བའི་སྐབས་ ཁོང་གིས་ གླིང་ཀ་ནང་ཡོད་མི་ གཞི་རྟེན་མཁོ་ཆས་ཚུ་མ་གཏོགས་ སྒོ་ར་བདག་འཛིན་འཐབ་ནི་ མེད་ཟེར་ སླབ་ཡོདཔ་ཨིན་པས།
ཐིམ་ཕུའི་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ རྐྱེན་ངན་བྱུང་པའི་སྐོར་ལས་ སྤྱི་ཟླ་༡༢ པའི་ཚེས་༢༤ གི་དྲོ་པར་ ཧ་གོ་ཡོད་རུང་ ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ མ་ཤེས་ཟེར་ཨིན་པས།
ཁྲོམ་དཔོན་གྱིས་འབད་བ་ཅིན་ འདི་བཟུམ་མའི་ སྟབས་ངན་བྱུང་མི་ལུ་ སེམས་ཕམ་སྦོམ་ཡོདཔ་བཞིན་དུ་ མ་འོངས་པ་ལུ་ རྐྱེན་ངན་མི་འབྱུང་ནིའི་དོན་ལུ་ སྒོ་ར་ཁའི་ སྒོ་ཁྲམ་དེ་ སྒྲིང་སྒྲིང་སྦེ་ བཙུགས་སྒྲིག་ཐོག་ ཉེན་སྲུང་ཅན་བཟོ་ནི་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ བཟོ་སྐྲུན་འབད་མི་ སྒོ་རའི་སྒོ་ཁྲམ་དེ་ མཐུད་མཚམས་ལས་ འགྱེལ་འགྱོ་འོང་ཟེར་ མནོ་བསམ་ར་ མ་བཏང་ཟེར་ ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment