གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་གྱི་ ཁྲལ་བསྡུ་ལེན་གྱིས་ འཁོར་ལམ་རྒྱུན་སྐྱོང་འགབ་མ་ཚུགསཔ།

༢༩/༡༢/༢༠༡༢   ༉ རྒྱལ་ཁབ་ནང་ གོང་འཕེལ་གྱི་གནས་སྟངས་དང་བསྟུན་ སྣུམ་འཁོར་ལམ་ཡང་ ལོ་བསྟར་བཞིན་དུ་ རྒྱ་བསྐྱེད་འབདཝ་མ་ཚད་ སྣུམ་འཁོར་གྱི་གྱངས་ཁ་ཡང་ ཡར་སེང་འགྱོ་དོ་ཡོདཔ་ཨིན་རུང་ འཁོར་ལམ་ལག་ལེན་གྱི་དོན་ལུ་ སྣུམ་འཁོར་དང་འབྲེལ་བའི་ འོང་འབབ་བསྡུ་ལེན་འབད་མི་གིས་ འགབ་མ་ཚུགསཔ་ཨིན་པས།


འདས་པའི་ རྩིས་ལོ་༢༠༡༡ དང་༢༠༡༢ ཀྱི་ནང་ ཞབས་ཏོག་ལྷན་ཁག་འོག་གི་ འཁོར་ལམ་འཛིན་སྐྱོང་འཐབ་མི་ ལམ་སེལ་ལས་ཁུངས་ཀྱིས་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༤༦༠.༩༨ དེ་ཅིག་ འཁོར་ལམ་ རྒྱུན་སྐྱོང་དང་ ཉམས་བཅོས་ཀྱི་དོན་ལུ་ ཟད་འགྲོ་བཏང་ཡོད་མི་དང་ཕྱདཔ་ད་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ སྣུམ་འཁོར་ལྟ་རྟོག་དང་ དེ་དང་འབྲེལ་བའི་ ཁྲལ་བསྡུ་ལེན་འབད་བའི་ འོང་འབབ་དེ་ དུས་ཅི་ལོའི་རྩིས་ལོ་ནང་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༢༧༣.༩༩༤ དེ་ཅིག་མ་གཏོགས་ མེདཔ་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ལོ་བསྟར་སྙན་ཞུའི་ ནང་གསལ་ལྟར་འབད་བ་ཅིན་ དབང་འཛིན་གྱིས་ གོ་བ་བརྡ་སྤྲོད་ལས་རིམ་དང་ ཅ་དངོས་མཁོ་སྒྲུབ་ཚུ་གི་དོན་ལུ་ མ་དངུལ་ས་ཡ་༡༥.༣༠༤ དེ་ཅིག་བཏང་ཡོདཔ་ལས་ གལ་སྲིད་ འཁོར་ལམ་ཉམས་བཅོས་དང་ རྒྱུན་སྐྱོང་གི་མ་དངུལ་དེ་ ནང་འཁོད་འཁོར་ལམ་ལག་ལེན་འཐབ་མི་ཚུ་ལས་ཐོན་དགོ་པ་ཅིན་ དངུལ་ཀྲམ་ས་ཡ་༢༠༢.༢༠ དེ་ཅིག་ཐེབས་དགོ་ནི་ཨིན་པས།
ལམ་སེལ་ལས་ཁུངས་ནང་ལས་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ བསྡུ་ལེན་འབད་མི་འོང་འབབ་ཀྱིས་ སྣུམ་འཁོར་ལམ་གྱི་རྒྱུན་སྐྱོང་དང་ ཉམས་གསོའི་ཟད་འགྲོ་ཐོན་མི་ཚུགས་ཟེར་ཨིནམ་ད་ གལ་སྲིད་ འོང་འབབ་ཀྱིས་ འཁོར་ལམ་རྒྱུན་སྐྱོང་དང་ ཉམས་བཅོས་ཀྱི་ཟད་འགྲོ་ལངམ་སྦེ་ཐོན་པ་ཅིན་ དབང་འཛིན་དེ་ གཞུང་མིན་རང་དབང་གཙུག་སྡེ་ཅིག་སྦེ་ གཞི་བཙུགས་འབད་འབདཝ་འོང་ཟེར་བཤད་ཅི།
ཁོ་གིས་སླབ་མིའི་ནང་ ལོ་༥ འི་འཆར་གཞི་༡༠ པའི་སྔ་ཆ་ལུ་ ལོ་བསྟར་བཞིན་དུ་ གཞུང་ལམ་སྡེ་རིམ་དང་པའི་དོན་ལུ་ འཁོར་ལམ་ཀི་ལོ་མི་ཊར་རེ་ལུ་ རྒྱུན་སྐྱོང་དང་ ཉམས་བཅོས་མ་དངུལ་ དངུལ་ཀྲམ་༧༥,༠༠༠ དང་ གཞུང་ལས་སྡེ་རིམ་༢ པའི་དོན་ལུ་ དངུལ་ཀྲམ་༦༠,༠༠༠ དེ་ལས་ རྫོང་ཁག་འཁོར་ལམ་ཚུ་གི་དོན་ལུ་ དངུལ་ཀྲམ་༣༥,༠༠༠ རེ་ གནས་ཡོདཔ་ཨིན་ཟེར་ཨིན་པས།
དུས་ཅི་གི་ རྩིས་ལོའི་དོན་ལུ་ རྒྱུན་སྐྱོང་དང་ ཉམས་བཅོས་མ་དངུལ་དེ་ ཡར་སེང་ཐོག་ གཞུང་ལམ་སྡེ་རིམ་དང་པའི་དོན་ལུ་ འཁོར་ལམ་ཀི་ལོ་མི་ཊར་རེ་ལུ་ དངུལ་ཀྲམ་༨༦,༠༠༠ དང་ སྡེ་རིམ་༢ པའི་དོན་ལུ་ དངུལ་ཀྲམ་༨༠,༠༠༠ དེ་ལས་ རྫོང་ཁག་འཁོར་ལམ་ཚུ་གི་དོན་ལུ་ དངུལ་ཀྲམ་༤༥,༠༠༠ རེ་ ཆ་འཇོག་འབད་ཡོདཔ་ཨིན་ཟེར་ཨིན་པས།
དུས་ཅི་གི་རྩིས་ལོའི་ནང་ རྒྱལ་ཁབ་ནང་ གཞུང་ལམ་སྡེ་རིམ་དང་པ་ ཀི་ལོ་མི་ཊར་༡༧༥༧.༡༩ ཡོད་མིའི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༡༥༡.༧༨༩ དེ་ཅིག་ གནས་ནི་ཨིན་པའི་ཁར་ གཞུང་ལམ་སྡེ་རིམ་༢ པ་ ཀི་ལོ་མི་ཊར་༥༡༦.༣༥ ཡོད་མིའི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༤༡.༣༠ དང་ རྫོང་ཁག་འཁོར་ལམ་ ཀི་ལི་མི་ཊར་༡༡༢༧ ཡོད་མི་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༥༠.༧༡ དེ་ཅི་ གནས་ནི་ཨིན་པས།
ད་རུང་ རྒྱལ་ཁབ་ནང་ འདས་པའི་ སྤྱི་ཟླ་༦ པ་ཚུན་ལུ་ སྣུམ་འཁོར་ལམ་ཡོངས་བསྡོམས་ ཀི་ལོ་མི་ཊར་༨༣༨༡.༦༠ ཡོདཔ་ད་ ལྷག་ལུས་ སོ་ནམ་ཞིང་ལམ་དང་ ཟུར་ལམ་ལ་སོགས་པའི་རིགས་ཚུ་གི་དོན་ལུ་ རྒྱུན་སྐྱོང་དང་ ཉམས་བཅོས་མ་དངུལ་ ལོགས་སུ་སྦེ་མེད་པའི་ཁར་ དེ་གི་རྒྱུན་སྐྱོང་དེ་ རྫོང་ཁག་གི་འོག་ལུ་ཨིནམ་ལས་ རྫོང་ཁག་གི་མ་དངུལ་ནང་ལས་ བདེ་སྒྲིག་འབད་ནི་མ་གཏོགས་ ལོགས་སུ་བཞག་ནི་མེད་ཟེར་ཨིན་པས།
སྣུམ་འཁོར་ལམ་དང་ དེ་གི་ལག་ལེན་དང་འབྲེལ་བའི་འོང་འབབ་ཀྱིས་ རྒྱུན་སྐྱོང་དང་ཉམས་བཅོས་ཀྱི་ མ་དངུལ་ལང་མ་ཚུགས་དོ་ཡོདཔ་ད་ གཞན་ལས་ འོང་འབབ་བྱུང་མི་ཚུ་ཡང་ སྣུམ་འཁོར་ལམ་གྱི་དོན་ལུ་ ཟད་འགྲོ་བཏང་དགོཔ་ཐོན་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ སྣུམ་འཁོར་ལམ་ ལོ་གཅིག་བ་ལོ་གཅིག་ ཡར་སེང་སྦོམ་སྦེ་ར་འགྱོ་མི་དང་བསྟུན་ ཡུན་བརྟན་འཛིན་སྐྱོང་གི་དོན་ལུ་ སྲིད་བྱུས་དང་འཆར་གཞི་ཚུ་ དགོཔ་ཁག་ཆེ་བའི་ གསལ་སྟོན་འབདཝ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment