གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་གིས་ བཀྲིས་ཚོང་འབྲེལ་ལུ་ ས་ཆའི་བདག་དབང་མེད་པའི་མཐོ་གཏུགས།

༢༤/༡༢/༢༠༡༢    དེ་ཡང་ གཞུང་གི་ངོ་ཚབ་༣ གྱིས་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ཐ་དད་ལུ་ བསམ་པ་མ་རྫོགས་པར་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནུག།

༉ ཟླཝ་འདི་གི་ སྔ་ཆ་ཅིག་ཁར་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་ནང་ ཐིམ་ཕུ་ཁྲོམ་ཁར་ གླ་འཁོར་བཞག་སའི་ ས་ཁོངས་བདག་དབང་གི་ འཁྲུན་ཆོད་ཐ་དད་བཏོན་མིའི་ རྒྱབ་འགལ་ལུ་ གཞུང་གི་ཁ་ཐུག་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ཞབས་ཏོག་ལྷན་ཁག་ དེ་ལས་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་༣ གྱིས་ མཉམ་འབྲེལ་ཐོག་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཀྱི་ ཞུ་ཡིག་བཙུགས་ནུག།
ས་ཆའི་བདག་དབང་གི་སྐོར་ལས་ རྩོད་རྙོགས་བྱུང་སྟེ་ ལོ་ངོ་༥ ལྷགཔ་ཅིག་སོང་མི་ གླ་འཁོར་བཞག་སའི་ས་ཁོངས།


དེ་ཡང་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་༤ གི་བར་ན་ འཁན་འཆམ་མ་ཚུགས་པར་ དྲང་དཔོན་གཉིས་རེ་སྦེ་ ཁག་དབྱེ་སོང་པའི་མཐའ་མར་ འཁྲུན་ཆོད་ཐ་དད་སོང་མི་ལུ་ ཁྲིམས་སྤྱི་ལས་ཚབ་ སངས་རྒྱས་མཁའ་འགྲོ་གིས་ ཚོགས་རྒྱན་བསྐྱུར་ཐོག་ལས་ ཧེ་མའི་ འཁྲུན་ཆོད་ཚུ་ལུ་ གཞི་འཛིན་འབད་དེ་ གླ་འཁོར་བཞག་སའི་ ས་ཁོངས་ཀྱི་ བདག་དབང་དེ་ བཀྲིས་ཚོང་འབྲེལ་སྡེ་ཚན་ལུ་ཡོདཔ་སྦེ་ གྲོས་ཆོད་བཏོན་ཡོདཔ་ཨིན་པས།
གྲངས་མང་ཁྲིམས་ཁྲིའི་ནང་ དྲང་དཔོན་༤ གིས་ འཁྲུན་ཆོད་སོ་སོར་བཏོན་མི་དེ་གིས་ གླ་འཁོར་ས་ཁོངས་དེ་ གཞུང་དབང་ས་ཆ་ངེས་བདེན་ཨིན་པའི་ ལྷག་པར་དུ་ ཡིད་ཆེས་འདྲོངས་མི་ལུ་བརྟེན་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡི་ཟེར་ ཞབས་ཏོག་ལྷན་ཁག་གི་ ཁྲིམས་རྩོདཔ་ཅིག་གིས་ སླབ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༢ པའི་དྲང་དཔོན་ ནོར་བུ་ཚེ་རིང་དང་ ཁྲིམས་སྤྱི་ལས་ཚབ་ སངས་རྒྱས་མཁའ་འགྲོ་༢ ཀྱིས་ སྤྱི་ལོ་༢༠༠༧ ཟླཝ་༡༠ པའི་ཚེས་༣༠ ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༤ པ་དང་ སྤྱི་ལོ་༢༠༠༨ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་གཉིས་ཀྱིས་གནང་མི་ འཁྲུན་ཆོད་ཚུ་ལུ་ གཞི་འཛིན་ཐོག་ བསྒྱུར་བཅོས་མེད་པར་ བཀྲིས་ཚོང་འབྲེལ་ལུ་ ཐོབ་དབང་ཡོད་པའི་ ངོས་ལེན་འབད་ཡོད་རུང་ ཁྲིམས་ཁྲི་དང་པའི་ དྲང་དཔོན་ལུང་བསྟན་གྲུབ་འགྱུར་དང་ དྲང་དཔོན་ཚེ་རིང་རྣམ་རྒྱལ་༢ ལས་ ངོས་ལེན་མེད་པར་ གདོང་ལེན་ཐོག་ ཁྱུ་འབུད་ཀྱི་ འཁྲུན་ཆོད་བཏོན་ནུག།
གཞུང་གི་ངོ་ཚབ་ཚུ་ གྲངས་མང་ཁྲིམས་ཁྲིའི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པའི་ གནད་དོན་ཅིག་ བཀྲིས་ཚོང་འབྲེལ་གྱི་ མིང་ཐོག་ཁར་ འབྲུག་མར་ཁུ་བཀྲམ་སྤེལ་ཁང་དང་ དེ་གི་རྒྱབ་ཁར་ སྡོད་གནས་ས་ཁོངས་ནང་ཡོད་པའི་ ས་ཚན་ཨང་ཨའི་-༢༢ དང་ ཨེལ་-༡ དེ་ སྤྱི་ལོ་༡༩༨༤ ལུ་ ཚུལ་མིན་གྱི་སྒོ་ལས་ གཅིག་ཁར་བསྡབས་ཡོད་རུང་ བཀྲིས་ཀྱིས་ ས་ཚན་ཁག་གཉིས་ སོ་སོར་ཡོད་པའི་ ཐོབ་བརྗོད་བཀོད་མི་ལུ་ ཁྲིམས་འདུན་གྱིས་ ངོས་ལེན་འབད་མི་ལུ་བརྟེན་ཨིན་པས།
ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ ས་ཚན་ཨང་ཨའི་-༢༢ འབད་མི་དེ་ ད་ལྟོ་ མར་ཁུ་བཀྲམ་སྤེལ་ཁང་གི་ རྒྱབ་ཁར་རྐྱབ་ཡོད་མི་ བཀྲིས་ཚོང་འབྲེལ་སྡེ་ཚན་གྱི་ ཡིག་ཚང་དང་ སྡོད་གནས་ཁང་གི་ ས་ཁོངས་ཨིནམ་སྦེ་ སླབ་ཨིན་རུང་ བཀྲིས་ཀྱིས་འབད་བ་ཅིན་ ད་ལྟོའི་ གླ་འཁོར་བཞག་སའི་ ས་ཁོངས་དེ་ ས་ཚན་ཨང་ཨའི་-༢༢ ནང་ཚུདཔ་ཨིན་ཟེར་ཨིན་པས།
དེ་འབདཝ་ད་ གྲངས་མང་འཁྲུན་ཆོད་དང་འཁྲིལ་བ་ཅིན་ སྤྱི་ལོ་༡༩༧༣ ཟླཝ་༨ པའི་ཚེས་༡༠ ལུ་ ཁྲོམ་དཔོན་དང་ བཀྲིས་ཚོང་འབྲེལ་གྱི་བར་ན་ ཆ་གནས་ཅན་གྱི་ ཡིག་ཐོག་གན་རྒྱ་བཟོ་ཐོག་ལས་ ས་ཚན་ཨང་ཨའི་-༢༢ འོག་ལུ་ ས་ཆ་གྲུ་བཞི་ཕིཊ་༢༡,༧༥༠ ཉོ་བཙོང་འཐབ་ཡོདཔ་བཞིན་དུ་ ས་ཚན་ཨང་ཨེལ་-༡ པའི་ནང་ ས་ཆ་ཕིཊ་གྲུ་བཞི་༥༣,༧༠༨ དང་ ས་ཚན་ཨང་ཨའི་-༢༢ ཅན་མའི་ནང་ ས་ཆ་ཕིཊ་གྲུ་བཞི་༢༡,༧༥༠ བཅས་ ས་ཁག་གཉིསཔོ་ བཀྲིས་ཚོང་འབྲེལ་སྡེ་ཚན་གྱིས་ བདག་དབང་འཛིན་ཆོག་པའི་ ལག་ཁྲམ་སོ་སོར་ སྤྲོད་མི་དང་འཁྲིལ་  ས་ཁྲལ་ཚུ་ ཕུལ་ནུག་ཟེར་ཨིན་པས།
ས་ཚན་ཨང་ཨེལ་-༡ དང་ཨའི་-༢༢ ཅན་མ་ ས་ཁག་གཉིསཔོ་དེ་ ས་ཁྲམ་སོ་སོར་བཀོད་དེ་ བཀྲིས་ཚོང་འབྲེལ་ལུ་ སྤྲོད་ཡོད་པའི་ཁར་ ས་ཚན་ཨང་ཨེལ་-༡ ཅན་མའི་ནང་ སའི་རྒྱ་ཚད་ཕིཊ་གྲུ་བཞི་༡༦,༨༠༠+༣༦,༩༠༨ འབདཝ་ད་ ཕིཊ་གྲུ་བཞི་༥༣,༧༠༨ འབད་མི་ ཁག་༡ དང་ ས་ཚན་ཨང་ཨའི་-༢༢ ཅན་མའི་ནང་ ས་ཆ་ཕིཊ་གྲུ་བཞི་༢༡,༧༥༠ འབད་མི་ཁག་༡ འབདཝ་ད་ ས་ཁག་གཉིས་ལུ་ ཌིསི་ཁ་གྲངས་དང་བསྟུན་པའི་ ས་ཁྲལ་ཚུ་ཡང་ སྤྱི་ལོ་༢༠༠༦ ཚུན་ གཞུང་རྩིས་ནང་ ཕུལ་ཡོད་པའི་ དངོས་འབྲེལ་གྱི་ སྒྲུབ་བྱེད་མངོན་གསལ་བྱུང་ཡི་ཟེར་ ཁྲིམས་སྤྱི་ལས་ཚབ་དང་ དྲང་དཔོན་ནོར་བུ་ཚེ་རིང་༢ ཀྱི་ འཁྲུན་ཆོད་ནང་བཀོད་ནུག།
དེ་མ་ཚད་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་འབད་བ་ཅིན་ ད་ལྟོའི་ གླ་འཁོར་བཞག་སའི་ ས་ཁོངས་འདི་ སའི་རྒྱ་ཚད་ཕིཊ་གྲུ་བཞི་༡༡,༧༦༡ མ་གཏོགས་མེད་ལུགས་ཞུ་མི་དང་ རྫོང་ཁག་ས་ཁྲམ་འགོ་དཔོན་གྱིས་ ས་འཇལ་སྐབས་ ས་ཁོངས་ཀྱི་ རྒྱ་ཚད་ཕིཊ་གྲུ་བཞི་༢༣,༩༡༢.༢༦ ཐོན་ལུགས་སྐོར་ ཞུ་མི་གཉིས་ རྟགས་མ་མཐུནམ་ལས་ སྒྲུབ་བྱེད་བཅའ་ཁྲིམས་དོན་ཚན་༩༥ པ་དང་འཁྲིལ་ གླ་འཁོར་ས་ཁོངས་དེ་ ས་ཚན་ཨང་ཨའི་-༢༢ དེ་ ངེས་པར་ཨིན་པའི་ ངོས་འཛིན་བྱུང་ཡི་ཟེར་ ཁྲིམས་སྤྱི་ལས་ཚབ་ སངས་རྒྱས་མཁའ་འགྲོ་གིས་ སླབ་ཨིན་པས།
ད་རུང་ རྫོང་ཁག་ཁྲིམས་འདུན་གྱི་ གྲོས་ཆོད་ནང་ཡང་ ཁྲོམ་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ ས་ཚན་ཨང་ཨེལ་-༡ དང་ཨའི་-༢༢ གཉིས་ གཅིག་ཁར་བསྡབས་ཡོད་པའི་ ཐེ་ཚོམ་ལས་གྲོལ་བའི་ སྒྲུབ་བྱེད་བཏོན་མ་ཚུགས་ཟེར་བཀོད་ནུག།
ཨིན་རུང་ ཁྱུ་འབུད་ཀྱི་ འཁྲུན་ཆོད་ནང་ བཀོད་པའི་ནང་གསལ་ སྤྱི་ལོ་༡༩༧༣ གྱི་ ས་ཆའི་བདག་དབང་དང་འཁྲིལཝ་ད་ ས་ཚན་ཨང་ཨེལ་-༡ དང་ཨའི་-༢༢ ཅན་མ་གཉིས་བསྡོམས་ཏེ་ ས་ཆ་ཡོངས་བསྡོམས་ཕིཊ་གྲུ་བཞི་༣༨,༥༥༠ འམ་ ཌིསི་༨༩.༤༩༨ ལས་བརྒལ་མེདཔ་ལས་ ས་ཚན་ཨང་ཨེལ་-༡ རྐྱངམ་གཅིག་གི་ ས་རྒྱ་ཕིཊ་གྲུ་བཞི་༥༣,༧༠༨ འབདཝ་ད་ ཨེ་ཀར་༡.༢༢ ཡར་སེང་སོང་མི་དེ་ སྤྱི་ལོ་༡༩༨༤ ལུ་ ས་ཆ་བསྐྱར་འཇལ་སྐབས་ ཁྲོམ་གྱི་འཆར་གཞི་ཚོགས་ཆུང་གིས་ སའི་བཅའ་ཁྲིམས་དང་མ་འཁྲིལ་བར་ ས་ཐེབས་སྤྲོད་པའི་ཁར་ ས་མཚམས་རྡོ་མཚམས་མེད་པའི་ ས་ཆ་ལས་ཡང་ ས་ཐེབས་བཏོན་ཏེ་ ཚུལ་མིན་ཐོག་ ཁྲ་མར་བཀོད་མི་དེ་ སྤྱི་ལོ་༡༩༩༢ ལུ་ ཚོགས་ཆུང་གི་ཁྲི་འཛིན་བགྲེསཔ་ ལྷ་ཕྲུག་དབང་ཕྱུག་གིས་ སའི་བདག་དབང་གི་ ལག་ཁྲམ་/ལག་ཁྱེར་སྤྲོད་ནུག་ཟེར་བཀོད་ནུག།
བཀྲིས་ཚོང་འབྲེལ་སྡེ་ཚན་གྱི་མིང་ཐོག་ ཁྲིམས་དང་མ་མཐུན་པར་བཀོད་པའི་ ས་ཐེབས་དང་ གཞུང་ས་ལས་ ཐོབ་བརྗོད་བཀོད་མི་དེ་ སྤྱི་ལོ་༡༩༧༣ ལས་ ས་ཚན་ཨང་ཨེལ་-༡ ཅན་མའི་ནང་ ས་ཆ་ཕིཊ་གྲུ་བཞི་༡༦,༨༠༠ དང་ ས་ཚན་ཨང་ཨའི་-༢༢ ནང་ ས་ཆ་ཕིཊ་གྲུ་བཞི་༢༡,༧༥༠ ཅན་མ་དེ་ རང་དབང་བདག་ཏུ་བཟུང་སྟེ་ རང་སོའི་བདག་དབང་སྤྱོད་པའི་ གཏན་འཇགས་ཀྱི་ས་མཚམས་ རྩིག་རྡོ་དང་ལྕགས་ཀྱི་ར་བ་བསྒོར་ཏེ་ ལག་ལེན་འཐབ་མི་དེ་ མི་རྣམས་ཀུན་གྱིས་ མཐོང་ས་ཡོད་པའི་ཁར་ ད་ལྟོ་ཡོད་མི་ མི་མང་གླ་འཁོར་བཞག་སའི་ ས་ཁོངས་འདི་ གཞུང་ས་ངེས་ཏིག་ཨིན་པའི་ སྒྲུབ་བྱེད་བྱུངམ་ལས་ ལག་ཁྲམ་ཡང་ ཁྲིམས་མཐུན་ཨིན་པའི་ ཆ་བཞག་ཐབས་མེད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཁྱུ་འབུད་འཁྲུན་ཆོད་ནང་བཀོད་ནུག།
འདི་འབད་བ་ལུ་བརྟེན་ ས་ཚན་ཨང་ཨེལ་-༡ ཅན་མའི་ ས་ཐེབས་དང་  ས་ཚན་ཨང་ཨའི་-༢༢ ཨིན་ལུགས་ བཀོད་མི་དེ་ གཞུང་ས་ནང་ ཧམ་འཛུལ་མ་གཏོགས་ ཐོབ་དབང་ཡོད་པའི་མངོན་རྟགས་ བཀྲིས་ཚོང་འབྲེལ་སྡེ་ཚན་ལས་ མ་ཐོནམ་ལས་ ཁྱུ་འབུད་ཀྱི་འཁྲུན་ཆོད་ ཡིག་ཐོག་ལུ་ བཀོད་དགོཔ་བྱུང་ཡི་ཟེར་ དྲང་དཔོན་༢ ཀྱིས་བཀོད་ནུག།
དེ་བཟུམ་སྦེ་ རྫོང་ཁག་ཁྲིམས་འདུན་གྱིས་ཡང་ ས་ཚན་ཨང་ཨའི་-༢༢ ཅན་མའི་ནང་གི་ ས་ཆ་དེ་ སྤྱི་ལོ་༡༩༨༤ ལུ་ ས་ཆ་བསྐྱར་འཇལ་སྐབས་ ས་ཚན་ཨང་ཨེལ་-༡ ཅན་མའི་ ས་ཐེབས་སྦེ་ འཇལ་ཡོད་པའི་ བརྟག་དཔྱད་མ་འབད་བར་ ཨང་ཨེལ་-༡ གི་ས་ཆ་ཕིཊ་གྲུ་བཞི་༥༣,༧༠༨ ཅན་མའི་ བདག་དབང་འདི་ སྤྱི་ལོ་༡༩༨༤ ལོར་ ཁྲིམས་དང་མ་མཐུན་པར་ ས་ཐེབས་སྤྲོད་མི་དང་ བཀྲིས་ཚོང་འབྲེལ་གྱིས་ ཁྲོམ་སྡེ་ལས་འཛིན་ལུ་ སྤྱི་ལོ་༡༩༩༡ ཚུན་ ས་ཁྲལ་བཏབ་པའི་འབྱོར་འཛིན་ དེ་ལས་ སྤྱི་ལོ་༡༩༩༢ ལུ་ ཁྲོམ་སྡེ་ལས་འཛིན་གྱིས་ སའི་བདག་དབང་ལག་ཁྱེར་སྤྲོད་མི་ཚུ་ལུ་ གཞི་བཞག་སྟེ་ འཁྲུན་ཆོད་གནང་ནུག་ཟེར་ ཁྱུ་འབུད་འཁྲུན་ཆོད་ནང་བཀོད་ནུག།
སྤྱི་ལོ་༢༠༠༨ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༢ ཀྱིས་ཡང་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་བཟུང་འབད་དེ་ གླ་འཁོར་བཞག་སའི་ ས་ཁོངས་དེ་ བཀྲིས་ཚོང་འབྲེལ་ལུ་ ཐོབ་དབང་ཡོདཔ་སྦེ་ གྲོས་ཆོད་བཏོན་མི་ལུ་བརྟེན་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ སྤྱི་ཟླ་༨ ཚེས་༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ མཐོ་གཏུགས་ཞུ་ཡོདཔ་བཞིན་དུ་ མི་དབང་མཆོག་གིས་ རྩོད་དོན་དེ་ བསྐྱར་ཞིབ་ཐོག་ འཁྲུན་ཆོད་གནང་ནིའི་དོན་ལུ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་བརྒྱུད་དེ་ ཆེ་མཐོ་ཁྲིམས་འདུན་ལུ་ གནང་ཡོད་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment