གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་ཆུའི་སྤྲིངས་ཟམ་ སྒྲིང་སྒྲིང་ཡོད་རུང་ དད་ཅན་རྒན་རྒས་ཚུ་ལུ་དཀའ་སྡུག།

༣༡/༡༢/༢༠༡༢   ཟམ་ཕར་ཚུར་ སྤར་མི་ལུ་བརྟེན་ མགུ་ཡུ་འཁོར་ཏེ་ ཟམ་བརྒལ་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།
༉ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་ཞུ་མི་ཚུ་ ཉིན་བསྟར་བཞིན་དུ་ ཟམ་༣ བརྒལ་དགོཔ་བྱུང་དོ་ཡོད་མི་ལས་ ཕོ་ཆུའི་སྤྲིངས་ཟམ་བརྒལ་བའི་སྐབས་ ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ཚུ་གིས་ ཆ་རོགས་མ་འབད་བ་ཅིན་ རྒན་རྒས་ཚུ་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།
ཨིན་རུང་ སྤུངས་ཐང་བདེ་བ་ཆེན་པོའི་ ཕོ་བྲང་གི་ སྦོ་ལོགས་ཁར་ཡོད་མི་ མོ་ཆུ་བ་ཟམ་དང་ ལྕང་ཡུལ་གྱི་ སྤྲིངས་ཟམ་༢ བརྒལ་ནི་ལུ་ དཀའ་ངལ་སྦོམ་མེདཔ་ཨིན་པས།

དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་ཆེན་ཞུ་མི་ཚུ་ འདྲོག་འཇིགས་ཀྱི་ཐོག་ལས་ ཕོ་ཆུའི་སྤྲིངས་ཟམ་བརྒལ་འགྱོ་བའི་བསྒང་།


ཕར་ཚུར་རིང་ཚད་མི་ཊར་༡༨༠ འབད་མི་ ཕོ་ཆུའི་སྤྲིངས་ཟམ་དེ་ རྒྱལ་ཁབ་ནང་ རིང་ཤོས་ཅིག་འོང་ནི་ཨིནམ་ད་ ཟམ་བརྒལ་བའི་སྐབས་ རྒན་རྒས་ཚུ་ མགུ་ཡུ་འཁོར་ཏེ་ ཟམ་གུ་ལས་ འགྱོ་མ་ཚུགས་མི་༡ བུམ་ཐང་སྟང་ལས་ སྐྱེས་ལོ་༦༦ ལང་མི་ རྡོ་རྗེ་མཚོ་མོ་དེ་ཨིནམ་ད་ སྤྱི་ཟླ་༡༢ པའི་ཚེས་༢༩ གི་ཕྱི་རུ་ དབང་ཞུ་ཚར་ཏེ་ ལོག་མོ་རའི་སྒར་ནང་འོངམ་ད་ ཟམ་བརྒལ་མ་ཚུགས་པར་
བདེ་སྲུངཔ་ཅིག་གིས་ ལགཔ་བཤེད་དེ་ འཁྱིད་འགྱོ་སར་ མཐོང་གསལ་བྱུང་ཡི།
རྡོ་རྗེ་མཚོ་མོ་གིས་ སླབ་མིའི་ནང་ དབང་ཞུ་ནི་གི་ དད་མོས་སྦོམ་ཡོད་རུང་ སྤྲིངས་ཟམ་གུ་ལྷོདཔ་ད་ ཟམ་ཕར་ཚུར་སྤར་བའི་སྐབས་ གཟུགས་འདར་ཏེ་ ལམ་འགྱོ་མི་ཚུགས་པས་ཟེར་ཨིནམ་ད་ ཆ་རོགས་འབད་མི་ བདེ་སྲུངཔ་དང་ ཁྲིམས་སྲུང་འགག་པ་ཚུ་མེད་པ་ཅིན་ དབང་ཞུ་ནི་གི་ གོ་སྐབས་མི་འཐོབ་ནི་མས་ཟེར་ སླབ་ཨིན་པས།
མོ་གིས་ ཟམ་ཚར་རེ་བརྒལ་བའི་སྐབས་ ཆ་རོགས་འབད་མི་ཚུ་ལུ་ ལགཔ་ཐལ་མོ་སྦྱར་ཏེ་ བཀྲིན་དགའ་ཚོར་བསྐྱེདཔ་ཨིན་པས།
མོ་བཟུམ་སྦེ་ མོང་སྒར་ལས་ རྡོ་རྗེ་བཟང་མོ་གིས་ཡང་ ཟམ་གྱི་མཐའ་མར་ལྷོདཔ་ཅིག་ མཐོ་རིས་ལུ་ ལྷོད་དོ་བཟུམ་མའི་ ཚོར་སྣང་བྱུངམ་མ་ཚད་ ཟམ་བརྒལ་བའི་སྐབས་ མིག་ཏོ་གཙང་ཆུ་ནང་ ལྟ་བ་ཅིན་ མགུ་ཡུ་འཁོར་ཏེ་ ལམ་འགྱོ་མི་ཚུགས་པས་ཟེར་ཨིན་པས།
དབང་ཞུ་བར་འགྱོ་མི་དང་ རང་སྡོད་སའི་ སྒར་ནང་འགྱོ་མི་ མང་ཤོས་ཅིག་གིས་ ཟམ་གུ་ལས་འགྱོཝ་ད་ བཛྲ་གུ་རུ་དང་ མ་ཎི་བགྱང་དོ་ཡོདཔ་ད་ བདེ་སྲུངཔ་ཨྱོན་དབང་ཕྱུག་གིས་ སླབ་མིའི་ནང་ རྒན་རྒས་ཚུ་རྐྱངམ་གཅིག་མིན་པར་ ན་གཞོན་ཚུ་ཡང་ ཟམ་གུ་ལས་ འགྱོ་མ་ཚུགས་པའི་ དཀའ་ངལ་བྱུང་སར་ མཐོངམ་མས་ཟེར་ཨིན་པས།
སྤྱི་ལོ་༡༩༩༧ ལུ་རྐྱབ་མི་ སྤྲིངས་ཟམ་དེ་ མཐོ་ཚད་མི་ཊར་༢༥ དང་༣༠ ཡོདཔ་ལས་ སྟབས་གཅིག་ལུ་ མི་༥༠ དང་༦༠ གི་བར་ན་ འགྱོ་བའི་སྐབས་ ཟམ་ཕར་ཚུར་སྤར་མི་ལུ་བརྟེན་ མང་ཤོས་ཅིག་ བྱེལ་སྐད་ཤོར་དོ་ཡོདཔ་ད་ དབང་ཞུ་མི་ཚུ་ ཉིནམ་ཅིག་ལུ་ སྤྲིངས་ཟམ་ཚར་༢ རེ་ བརྒལ་དགོཔ་ཐོན་དོ་ཡོདཔ་ཨིན་པས།
ཟམ་ཉེན་སྲུང་གི་དོན་ལུ་ སྤྲིངས་ཟམ་གྱི་ཟུར་ཁ་ ཁྲིམས་སྲུང་འགག་པ་༤ དེ་ཅིག་གིས་ སྐོར་རྒྱབ་ཐོག་ལས་ ཉིན་ནུབ་མེད་པར་ལྟ་རྟོག་འབད་དོ་ཡོདཔ་ད་ ཁྲིམས་སྲུང་འགག་པ་ཅིག་གིས་ སླབ་མིའི་ནང་ དད་ཅན་ལ་ལུ་ཅིག་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ལས་ར་ དབང་ཞུ་བར་ འགྱོ་མི་འདུག་ཟེར་ཨིན་པས།
ཨིན་རུང་ དབང་ཞུ་མི་ མང་ཤོས་ར་ དྲོ་པའི་ཆུ་ཚོད་༦ དེ་ཅིག་ལས་ གྱལ་སྒྲིག་ནི་ འགོ་བཙུགས་མི་དེ་གིས་ ཆུ་ཚོད་༡༠ ཚུན་ལུསཔ་མས་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤད་པའི་ཁར་ ཕྱི་རུ་འབད་བ་ཅིན་ ཆུ་ཚོད་༣ ལས་༧ ཚུན་ཚོད་ ལྟ་རྟོག་འབད་དགོཔ་ཐོནམ་མས་ཟེར་ སླབ་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་ རྟ་མགྲིན་རྡོ་རྗེ་གིས་འབད་བ་ཅིན་ མ་གཞི་ སྤྲིངས་ཟམ་གུ་ལས་ སྟབས་གཅིག་ལུ་ མི་༡༠༠ འགྱོ་ཚུགས་ནི་ཨིན་རུང་ ཉེན་སྲུང་གི་དོན་ལུ་ མི་༥༠ དང་༦༠ ལས་བརྒལ་གཏང་ནི་མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ མོ་ཆུ་བ་ཟམ་གུ་ལས་ ཉིན་བསྟར་བཞིན་དུ་ མི་སྟོང་ཕྲག་ལས་བཅད་དེ་ འགྲོ་འགྲུལ་འབད་དོ་ཡོདཔ་ཨིན་རུང་ ཉེན་ཁ་མེད་པའི་ ངོས་འཛིན་བྱུང་ཡོདཔ་ད་ ལྕང་ཡུལ་གྱི་ ཟམ་དེ་ཡང་ འཕྲལ་ཁམས་ཅིག་ཁར་ ལམ་སེལ་ལས་ཁུངས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ ཉེན་ཁ་མེད་པའི་ མངོན་གསལ་བྱུང་ནུག།
ཟམ་གསུམ་ཆ་ར་ ཐང་བཟང་ན་ དབང་ཁང་ནང་འགྱོ་སའི་ འཛུལ་སྒོ་ངོ་མ་ཅིག་ཨིནམ་ལས་ དེ་ནང་ལས་ འགྱོ་ནིའི་དོན་ལུ་ དྲོ་པའི་ཆུ་ཚོད་༣ དང་༤ ལས་ར་ འགོ་བཙུགས་དོ་ཡོདཔ་ད་ གལ་སྲིད་ དྲོ་པ་ལས་ གྱལ་ནང་མ་སྡོད་པ་ཅིན་ མི་མང་དྲགས་ནི་དེ་གིས་ དབང་ཁང་ནང་ དུས་ཚོད་ཁར་ ལྷོད་མི་ཚུགས་པས་ཟེར་ དད་ཅན་ཅིག་གིས་ སླབ་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment