![]() |
རྒྱ་གར་གྱི་ས་གནས་ཀྱི་ ཧི་མ་ལ་ཡ་ བཟའ་ཁང་ནང་འབྲུག་པའི་འགྲུལ་མི་ཚུ་གིས་ བཞེས་སྒོ་བཟའ་བའི་བསྒང་། |
དེ་ཡང་ བསམ་གྲུབ་ལྗོངས་མཁར་ལས་ སྣུམ་འཁོར་ཚུ་ནང་ འགྲོ་འགྲུལ་འབདཝ་ད་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ འགོར་མིའི་ས་གནས་ ཅ་པ་གུ་རི་ལུ་ལྷོདཔ་ད་ཡོད་མི་ ཧོ་ཊཱལ་ ཧི་མ་ལ་ཡ་ཟེར་མི་ཅིག་ཡོད་མི་ བཟའ་ཁང་དེ་ནང་ ཉིན་བསྟར་བཞིན་དུ་ ལམ་འགྲུལཔ་༧༠༠-༨༠༠ གི་བར་ན་འབག་མི་ སྣུམ་འཁོར་༣༠༠ ལྷགཔ་ཅིག་རེ་ འོང་དོ་ཡོདཔ་ཨིན་པས།
ད་རུང་ དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་ལས་ བསམ་གྲུབ་ལྗོངས་མཁར་ལུ་འོང་མི་ སྣུམ་འཁོར་ཚུ་ཡང་ བཟའ་ཁང་དེ་ནང་ལྷོདཔ་ད་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ འགོར་དོ་ཡོདཔ་ད་ སྣུམ་འཁོར་ཆེ་འབྲིང་ཆུང་གསུམ་ག་ར་ ས་མཚམས་ཁྲོམ་སྡེ་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ཚུ་ལས་ དྲོ་པའི་ཆུ་ཚོད་༧ ལུ་ རྒྱ་གར་གྱི་ སྲུང་སྐྱོབ་སྨག་མི་ ཨེསི་ཨེསི་བི་གིས་ འགོ་ཁྲིད་ཐོག་འོངམ་ད་ ཕར་ཚུར་ལས་འོང་མི་ སྣུམ་འཁོར་ཚུ་ཡང་ དུས་མཉམ་ལུ་ ཧོ་ཊཱལ་ཧི་མ་ལ་ཡ་བཟའ་ཁང་ནང་ ལྷོད་དོ་ཡོདཔ་ལས་ ཚར་ཅིག་ ཉིན་ལྟོ་བཟའ་མི་ཚུ་གིས་ འུར་ཟིང་སྦོམ་སྦེ་ལངམ་ཨིན་པས།
བཟའ་ཁང་དེ་ནང་ ཁང་མིག་༢ ཡོད་མི་ལས་ གཅིག་ རླུང་བསིལ་གྱི་ མཐུན་རྐྱེན་ཡོད་པའི་ བཟའ་ཁང་ནང་ལས་ བཞེས་སྒོ་བཟའ་བ་ཅིན་ ཚོད་བསྲེའི་ཚོདམ་གི་ བཞེས་སྒོ་ལུ་ དངུལ་ཀྲམ་༨༠ རེ་དང་ སྤྱིར་བཏང་ཁང་མིག་ནང་ བཞེས་སྒོ་ཅོག་གཅིགཔོ་ལུ་ དངུལ་ཀྲམ་༣༠ གིས་ ཉུངམ་ཨིན་པས།
ཕར་ཚུར་འགྲོ་འགྲུལ་འབད་ཡི་ར་སྡོད་མི་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ བཞེས་སྒོའི་རིན་དེ་ དུམ་གྲ་ཅིག་ མཐོ་དོ་བཟུམ་ མཐོངམ་ཨིན་རུང་ ཞིམ་ཏོག་ཏོ་ཐོབ་པས་ཟེར་ཨིན་པས།
སྐྱེས་ལོ་༣༥ ལང་མི་ སངས་རྒྱས་བསྟན་འཛིན་གྱིས་འབད་བ་ཅིན་ བཟའ་ཁང་དེ་ནང་བཀག་སྟེ་ ཉིན་ལྟོ་བཟའ་ནི་དེ་ སྟབས་བདེ་ཏོག་ཏོ་ཡོད་མི་དེ་ཡང་ གལ་སྲིད་ ཨ་སམ་བརྒྱུད་དེ་ ལམ་འགྲུལ་འབདཝ་ད་ རྒྱ་གར་གྱི་ཏི་རུ་ རུཔི་འབག་ནི་མེད་པ་ཅིན་ ས་གནས་གཞན་ཁར་ བཟའ་ཁང་ཚུ་གིས་ དངུལ་ཀྲམ་མི་ལེན་དོ་ཡོདཔ་ལས་ ཕོཝ་སྟོངམ་སྦེ་ ཁྱིམ་ནང་འགྱོ་དགོཔ་ འཐོན་འོང་ཟེར་ཨིན་པས།
བཟའ་ཁང་གི་ ཇོ་བདག་གིས་ སླབ་མིའི་ནང་ ཁོང་གི་ ཚོང་མགྲོན་པ་མང་ཤོས་ར་ འབྲུག་མི་ཚུ་ཨིནམ་མ་ཚད་ བཟའ་ཁང་ཡང་ ཁོང་གི་དོན་ལུ་ སྒོ་ཕྱེ་སྟེ་ ལོ་ངོ་༡༨ ལང་ཡོདཔ་ཨིན་རུང་ ས་གོ་སོ་སོར་ནང་བཙུགས་ཡོདཔ་ལས་ ད་ལྟོའི་ས་ཁོངས་ནང་ ལོ་༦ ལང་སོ་ཡི་ཟེར་ཨིན་པས།
འབྲུག་ལུ་ རུ་པིའི་དཀའ་ངལ་མ་ཐོན་པའི་ ཧེ་མ་ཡང་ ཁོང་གི་ཚོང་མགྲོན་པ་ཚུ་ འབྲུག་གི་ལམ་འགྲུལཔ་ཚུ་ཨིནམ་ལས་ ང་བཅས་ཀྱིས་ ལྟོ་རིན་ཚུ་ འཕྲོ་མཐུད་སྦེ་ར་ དངུལ་ཀྲམ་ནང་ ལེན་ནི་སྦེ་ ཐག་བཏོག་ཅི་ཟེར་ བཟའ་ཁང་གི་ཇོ་བདག་ ཨེསི་ བ་ར་མ་གིས་ བཤད་པའི་ཁར་ གཞུང་ལམ་བདའ་སྟེ་ འབྲུག་མི་ཚུ་ལུ་ དཀའ་ངལ་བྱུང་པའི་སྐབས་ལུ་ཡང་ ཁོང་གིས་ ཆ་རོགས་འབདཝ་ཨིན་ཟེར་ སླབ་ཨིན་པས།
ཨ་སམ་གྱི་ གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་མི་དང་ དེད་གཡོགཔ་ཚུ་གིས་ སླབ་མིའི་ནང་ འབྲུག་མི་ཚུ་ འབྲེལ་གཏོགས་ཡོད་པའི་ ཐུག་རྐྱེན་ཚུ་བྱུངམ་ད་ ཆ་རོགས་འབད་བར་ བཟའ་ཁང་གི་ ཇོ་བདག་དེ་ ས་ཁོངས་ནང་ ལྷོད་ནི་ཡོད་ཟེར་ཨིན་པས།
བཟའ་ཁང་དེ་གིས་ འབྲུག་མི་ཚུ་ལུ་ ཉིན་ལྟོ་བཙོང་སྟེ་ ཟླ་རིམ་བཞིན་དུ་ འོང་འབབ་དགུལ་ཀྲམ་༣༠༠,༠༠༠ ལས་༤༠༠,༠༠༠ གི་བར་ན་ བཟོ་མི་ཚུ་ ཇའི་སྒང་ལས་ རུ་པི་སོར་འབགཔ་ཨིན་པའི་གནས་ཚུལ།
No comments:
Post a Comment