གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་སྲིན་བཞག་སའི་ས་ཁོངས་ ཆུང་དྲགས་པའི་དཀའ་ངལ།

༢༡/༡/༢༠༡༣   ༉ ཕུན་ཚོགས་གླིང་ལུ་ ཆུ་སྲིན་བཞག་ས་དེ་ནང་ ས་ཁོངས་མ་ལང་མི་ལུ་བརྟེན་ ན་ཧིང་ལས་ ནགས་ཚལ་དང་གླིང་ཀ་ཞབས་ཏོག་ལས་ཁུངས་ཀྱིས་ སྐྱེས་རྒྱུན་བཀག་བཞག་འབད་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ ཆུ་སྲིན་གྱི་ གྱངས་ཁ་ཡར་སེང་འབད་ནིའི་དོན་ལུ་ ཆུ་སྲིན་བཞག་སའི་ས་ཁོངས་ནང་ སྒོང་རྡོག་ནམ་རང་མཐོང་རུང་ འཐུ་ཞིནམ་ལས་ འགོ་དཔོན་ཚུ་གིས་ གསོ་སྐྱོང་འཐབ་དོ་ཡོདཔ་ཨིན་པས།

ནོར་རྒྱས་གློག་བརྙན་ཁང་གི་ རྒྱབ་ཁར་ཡོད་པའི་ ཆུ་སྲིན་ཚུ།


ཆུ་སྲིན་ཚུ་ ནོར་རྒྱས་གློག་བརྙན་ཁང་གི་སྒྲིང་ཁྱིམ་རྒྱབ་ཁར་ ས་ཆ་དྲིསི་༣༦ ཡོད་མིའི་ནང་ སྤྱི་ལོ་༡༩༧༦ ལས་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༨ ནང་ ད་ལྟོ་ཡོད་མི་ ས་ཁོངས་ལས་ ཀི་ལོ་མི་ཊར་༡ གི་ས་ཁར་ དོ་ཏི་ཁོ་ལ་ལུ་ སྤོ་བཤུད་འབད་ནིའི་འཆར་གཞི་ཚུ་ བརྩམས་ཡོདཔ་ཨིན་རུང་ ནགས་ཚལ་འགོ་དཔོན་ ཕུརཔ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་དངུལ་མ་ལང་མི་ལུ་བརྟེན་ ས་ཁོངས་གསརཔ་ནང་ སྤོ་བཤུད་འབད་མ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ས་ཁོངས་གསརཔ་ ཨེ་ཀར་༢ འབད་མི་དེ་ སྒེར་གྱི་ས་ཆ་འབད་ནི་དེ་གི་ གོང་ཚད་ མཐོ་དྲགས་འདུག་ཟེར་ ཕུརཔ་རྡོ་རྗེ་གིས་ བཤདཔ་ཨིན་པས།
སྤྱིར་བཏང་ ཆུ་སྲིན་སྐྱེས་རྒྱུན་གྱི་དུས་ཚོད་དེ་ སྤྱི་ཟླ་དང་པ་ལས་༤ པ་ཚུན་ཨིནམ་བཞིན་དུ་ དེ་བསྒང་ སྒོང་རྡོག་༤༠ དེ་ཅིག་ འབུད་དོ་ཡོདཔ་ཨིན་རུང་ ས་ཁོངས་ལངམ་མེད་མི་ལུ་བརྟེན་ བདག་འཛིན་ ལེགས་ཤོམ་སྦེ་ འཐབ་མི་ཚུགས་པས་ཟེར་ཨིན་པས།
ཆུ་སྲིན་གྱི་ སྒོང་རྡོག་གསོ་སྐྱོང་འཐབ་ནི་དེ་ སྤྱི་ལོ་༢༠༠༩ ལས་ བཀག་ཆ་འབད་བཞག་ཡོདཔ་ད་ ཆུ་སྲིན་གླིང་ཀའི་ འགོ་དཔོན་གྱིས་ སླབ་མི་དང་འཁྲིལཝ་ད་ ཆུ་སྲིན་སྦོམ་ཚུ་ མ་ནཱསི་གཙང་ཆུ་ནང་ གཏང་ནི་སྦེ་ གྲོས་བསྡུར་འབད་ཡོདཔ་ཨིན་རུང་ ཤུལ་ལས་ མི་ཚུ་ལུ་ གནོདཔ་བསྐྱལ་ནིའི་དོགས་པ་ལུ་བརྟེན་ ད་ལྟོ་ས་གནས་དེ་ཁ་ར་ བཞག་ད་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ ནང་ ཆུ་སྲིན་གྱི་རིགས་ ཨེ་ལི་གེ་ཊར་ གེ་རི་ཡལ་གྱི་ སྒོག་རྡོག་༢ འབུད་ཡོདཔ་ཨིན་རུང་ ཉིནམ་དག་པ་ཅིག་གི་ ཤུལ་ལས་ ཤི་སོ་པའི་ཁར་ སྤྱི་ལོ་༢༠༠༩ ནང་ གེ་རི་ཡལ་གྱི་སྒོག་རྡོག་༣༡ འབུད་མི་ལས་༡༩ ཕྱུག་གུ་བཏོན་ཏེ་ གསོ་སྐྱོང་འཐབ་ཡོདཔ་ཨིན་པས།
ན་ཧིང་ལས་འགོ་བཙུགས་ཏེ་ ཆུ་སྲིན་ གེ་རི་ཡལ་གྱི་ སྒོང་རྡོག་ཚུ་ཡང་ བདག་འཛིན་འཐབ་མ་ཚུགས་པའི་ཁར་ ཆུ་སྲིན་གླིང་ཀ་ བདག་འཛིན་འཐབ་མི་ རམ་བྷ་དུར་དགའ་ལེགས་ཀྱིས་ སླབ་མི་དང་འཁྲིལཝ་ད་ ཆུ་སྲིན་ གེ་རི་ཡལ་ཚུ་ གཟུགས་སྦོམ་འགྱོ་དོ་ཡོདཔ་ལས་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ཧེ་མ་ལས་ བདག་འཛིན་དང་ གསོ་སྐྱོང་འཐབ་དགོ་མི་དེ་ཡང་ ཆུ་སྲིན་ཚུ་ ད་ལྟོའི་ས་ཁོངས་ནང་ལས་ བཞག་སའི་ས་ཁོངས་གསརཔ་ནང་ སྤོ་བཤུད་འབད་ནི་ཨིན་ཟེར་ སླབ་མི་ལུ་བརྟེན་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་སྲིན་གྱི་རིགས་ གེ་རེ་ཡལ་དེ་ དུས་ཅི་ སྤྱི་ཟླ་༥ པའི་ནང་ལས་ ལོ་༤ ལང་དོ་ཡོདཔ་ཨིན་རུང་ ད་ལྟོ་ ས་ཁོངས་དོགས་དྲག་འདི་ནང་ར་ བཞག་སྟེ་ཡོད་ཟེར་ཨིན་པས།
ད་ལྟོ་བཟུམ་འབད་བ་ཅིན་ ཆུ་སྲིན་ཚུ་ བདག་འཛིན་འཐབ་ཚུགས་དོ་ཡོདཔ་ཨིན་རུང་ ཤུལ་ལས་ སྦོམ་འགྱོ་བའི་བསྒང་ལས་ བདག་འཛིན་འཐབ་ནི་ལུ་ ལཱ་ཁག་རྐྱབ་ནི་མས་ཟེར་ རམ་བྷ་དུར་གྱིས་ བཤདཔ་ཨིན་པས།
ཆུ་སྲིན་ སྦོམ་བཞག་ས་དེ་ ད་ལྟོ་ལས་ར་ ས་ཁོངས་དོགས་དྲག་ཡོད་པའི་ཁར་ ད་རུང་ གེ་རི་ཡལ་༡༩ བཞག་དགོཔ་འདྲཝ་ཅིག་འབད་བ་ཅིན་ ཤོང་མ་ཚུགས་པའི་དཀའ་ངལ་སྦོམ་ཐོན་འོང་ཟེར་ འགོ་དཔོན་ཚུ་གིས་བཤདཔ་ཨིན་པས།
ཆུ་སྲིན་སྦོམ་བཞག་སའི་ས་ཁོངས་ནང་ ཆུ་སྲིན་༡༤ ཡོད་ས་ལས་ མོ་༡༡ དང་ཕོ་༤ ཡོད་མིའི་གྲས་ཁར་ ཆུ་སྲིན་ གེ་རི་ཡལ་ཕོ་༢ དང་ མོ་༤ ཡོདཔ་བཞིན་དུ་ ས་གནས་ནང་ ཆུ་རྫིང་༦ ཡོདཔ་ཨིན་པས།
ནགས་ཚལ་གླིང་སྐྱོང་འགོ་དཔོན་ རིག་འཛིན་གྱིས་ ཀུན་གསལ་ལུ་སླབ་དོ་བཟུམ་འབད་བ་ཅིན་ ཆུ་རྫིང་༡ ནང་ ཆུ་སྲིན་༡༠ བཞག་དོ་ཡོདཔ་ལས་ ས་ཁོངས་དེ་ དོགས་དྲག་དང་ ཁམས་ལོག་སི་སི་སྦེ་ ཡོད་ནི་དེ་གིས་ ཆུ་སྲིན་༢ ལུ་ ན་ཚ་ཐོབ་སྟེ་ ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ ཆུ་སྲིན་༡ བཙོག་གྲིབ་ལུ་བརྟེན་ ཤི་སོང་ཡི་ཟེར་ཨིནམ་ད་ གནམ་བྱཱར་གྱི་སྐབས་ བཙོག་གཡུར་ནང་གི་ ཆུ་ཚུ་ ཆུ་སྲིན་གྱི་ ཆུ་རྫིང་ནང་ འཛུལ་འོངམ་མས་ཟེར་ རིག་འཛིན་གྱིས་བཤདཔ་ཨིན་པས།
སྒོ་ནོར་འཕྲོད་བསྟེན་འགོ་དཔོན་ཚུ་གིས་འབད་རུང་ ཆུ་རྫིང་དེ་ ཆུ་སྲིན་ཚུ་ དབུག་གཏོང་ལེན་འབད་ནིའི་དོན་ལུ་ ཆུང་ར་ཆུང་མས་ཟེར་སླབ་པའི་ཁར་ ཆུ་སྲིན་ཚུ་ དབུག་གཏོང་ལེན་གྱི་ དཀའ་ངལ་ཐོན་ནི་མས་ཟེར་ཨིན་པས།
ལུང་ཕྱོགས་ སྒོ་ནོར་འཕྲོད་བསྟེན་འགོ་དཔོན་ བཱ་སན་ཏི་ ཤར་མ་གིས་སླབ་མིའི་ནང་ ཆུ་སྲིན་གྱི་ ས་ཁོངས་ནང་ལུ་ བརྟག་ཞིབ་ཅིག་ ཁ་གསལ་སྦེ་ འབད་ནི་ཟེར་ཨིན་པས།
ནགས་ཚལ་དང་ གླིང་ཀ་ཞབས་ཏོག་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ འབད་བ་ཅིན་ འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་ལུ་ ཆུ་སྲིན་བཞག་སའི་ས་ཁོངས་ ཡར་དྲག་གཏང་ནིའི་དོན་ལུ་ མ་དངུལ་གྱི་ གྲོགས་རམ་ཞུ་དགོ་པའི་སྐོར་ལས་གྲོས་འཆར་ཚུ་ བཙུགས་ནི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment