གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རིན་བསྡུར་གྱི་གྲུབ་འབྲས་ཚུ་ ལས་སྡེ་རང་སོའི་བརྡ་བྱང་གུ་ གསལ་བཀོད་འབད་དགོཔ།

༢༡/༡/༢༠༡༣   ༉ སྤྱི་ཟླ་༡ པའི་ཚེས་༡༧ ལུ་ ཐིམ་ཕུ་འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཞལ་འཛོམས་ཁང་ནང་སྦེ་ ཁག་འབགཔ་ཚུ་གི་བར་ན་ ཞལ་འཛོམས་ཅིག་འཚོགས་པའི་སྐབས་ ཁག་འབགཔ་ཚུ་གིས་ རིན་བསྡུར་འགོ་འདྲེན་འཐབ་མི་ ལས་སྡེ་ཚུ་གིས་ དྭངས་གསལ་གྱི་དོན་ལུ་ རིན་བསྡུར་གྱི་གྲུབ་འབྲས་ཚུ་ རང་སོའི་གསལ་བསྒྲགས་ཀྱི་ བརྡ་བྱང་ཚུ་གུ་ གསལ་བཀོད་འབད་དགོཔ་འདུག་ཟེར་ སླབ་ཨིན་པས།


ད་རེས་ཀྱི་ གནས་སྟངས་ནང་འབད་བ་ཅིན་ རིན་བསྡུར་ནང་ཕམ་མི་ ཁག་འབགཔ་ཚུ་གིས་ ཁོང་ར་ ག་དེ་སྦེ་ ཕམ་སོཔ་ཨིན་ནའི་སྐོར་ལས་ དྲི་དཔྱད་འབདཝ་ད་ དེ་ཚུ་ གསང་བའི་ཐོག་ལུ་ བཞག་དགོ་ཟེར་སླབ་སྟེ་ ཁོང་ལུ་ སླབ་མི་བཏུབ་པས་ཟེར་ཨིན་པས།
མ་གཞི་ གནད་དོན་དེ་གི་སྐོར་ལས་ གྲུབ་འབྲས་ཚུ་ ཡོང་འབྲེལ་ཐོག་ལས་ གསལ་བཀོད་འབད་དོ་ཡོདཔ་ཨིན་རུང་ བརྡ་བྱང་ཚུ་གུ་ ཨིན་ཅི་མིན་ཅི་ གསལ་བཀོད་འབད་དགོ་པས་ཟེར་ ཁག་འབགཔ་ཚུ་གིས་ སླབ་ཨིན་པས།
ཁོང་གིས་ སླབ་མིའི་ནང་ རིན་བསྡུར་གྱི་ གྲུབ་འབྲས་བཏོན་ཚར་བའི་ཤུལ་ལུ་ ལས་སྡེ་ཚུ་ལས་ ལཱ་ཐོབ་མ་ཚུགས་མི་ ཁག་འབགཔ་ཚུ་ལུ་ ཡི་གུ་ཆུང་ཀུ་རེ་ བྱིན་ནི་ཡོདཔ་ཨིན་རུང་ དེ་ནང་ ཁྱོད་ཀྱིས་ ལཱ་དེ་ ཐོབ་མ་ཚུགས་ཟེརཝ་མ་གཏོགས་ ཁ་གསལ་གྱི་གནད་དོན་ཚུ་ ག་ཅི་ཡང་ ཚུད་དེ་མི་འོང་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁག་འབགཔ་སྡེ་རིམ་ཀ་པ་ཨིན་མི་ རྡོ་རྗེ་ཚེ་རིང་གིས་འབད་བ་ཅིན་ གཞུང་གིས་ སྒེར་སྡེ་ཚུ་གིས་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་སྤྲོད་དགོ་པའི་སྐོར་ལས་ ལོག་ཅི་ར་ སླབ་དོ་ཡོད་མི་དང་འཁྲིལ་ ཁོ་གི་ལས་སྡེ་ནང་ འབྲུག་མི་ ལག་ཤེས་སྦྱོང་བརྡར་མཐར་འཁྱོལ་མི་ ལེ་ཤ་ཅིག་ར་ དགོས་མཁོ་ཡོདཔ་ཨིན་རུང་ རྩ་ལས་ར་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
སྦྱོང་བརྡར་མཐར་འཁྱོལ་མི་ཚུ་ གཞུང་གཡོག་ནང་ འཛུལ་ནི་མ་གཏོགས་ སྒེར་སྡེ་ཚུ་ནང་ ལཱ་འབད་ནི་ལུ་ སྤྲོ་བ་རྩ་ལས་ར་ མིན་འདུག་ཟེར་ཨིནམ་ད་ གལ་སྲིད་ སྒེར་སྡེའི་ནང་འཛུལ་སོ་རུང་ ཁག་འབགཔ་ཚུ་གི་ རེ་འདོད་དང་འཁྲིལ་བའི་ལཱ་ཚུ་ འབད་མི་བཏུབ་དོ་ཡོདཔ་ད་ ད་རེས་ཁམས་ ཁོང་གིས་ ལས་གཡོག་ལྷན་ཁག་ནང་སོང་སྟེ་ ལག་ཤེས་སྦྱོང་བརྡར་མཐར་འཁྱོལ་མི་ཚུ་ལུ་ ལཱ་གཡོག་ག་ཅི་བཟུམ་ར་ སྤྲོད་དགོཔ་ཨིན་ན་དང་ དངུལ་ཕོགས་ག་དེ་རེ་ སྤྲོད་དགོཔ་ཨིན་ནའི་ ཚད་གཞི་ཅིག་བཟོ་གནང་པ་ཅིན་ དེ་དང་འཁྲིལ་ཏེ་ ལཱ་འབད་ནི་སྦེ་ ཞུ་བ་འབད་དེ་ཡོད་ཟེར་ཨིན་པས།
དེ་ཡང་ ལས་མི་ཚུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ ནང་འདྲེན་འབད་དགོ་པའི་སྐབས་ དང་པ་ར་ ཏི་རུ་སྔོན་སྤྲོད་འབད་དགོཔ་ད་ ཏི་རུ་ཚུ་ སྤྲོད་ཚར་བའི་ཤུལ་ལུ་ ལོག་ཏེ་ ཁོང་རའི་རྒྱལ་ཁབ་ནང་ བྱོག་འགྱོ་བའི་དཀའ་ངལ་ཚུ་ ཐོན་དོ་ཡོད་མི་ལུ་བརྟེན་ཏེ་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ལུ་ ཁག་འབགཔ་རང་སོའི་ དཀའ་ངལ་ཚུ་གི་སྐོར་ལས་ བསམ་འཆར་ཚུ་བཀོད་ཐོག་ལས་ གྲོས་བསྡུར་འབད་ཡོདཔ་མ་ཚད་ ཞབས་ཏོག་ལྷན་ཁག་གི་དྲུང་ཆེན་ བསོད་ནམས་བསྟན་འཛིན་གྱིས་ཡང་ ཁག་འབགཔ་ཚུ་གི་དཀའ་ངལ་ ཁག་༡༢ དེ་ཅིག་ ཐོ་བཀོད་དེ་ དེ་གི་སྐོར་ལས་ གྲོས་བསྡུར་འབད་ཡི།
དྲགོས་དྲུང་ཆེན་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཁག་འབག་གི་ལཱ་ཚུ་ དུས་ཚོད་ཁར་ གྲུབ་མ་ཚུགས་མི་དང་འབྲེལ་བའི་ འཐུས་ཤོར་གཞན་བྱུང་མི་ཚུ་ལུ་ ཉེས་བྱ་དང་ ཁྲིམས་བཀལ་སྲོལ་ཡོད་མི་དང་བསྟུན་ སྤུས་ཚད་དང་ལྡན་པའི་ལཱ་ཚུ་ དུས་ཚོད་ཁར་ ལེགས་ཤོམ་སྦེ་ འབད་མི་ཚུ་ལུ་ཡང་ ངལ་རངས་ཀྱི་ ངོས་ལེན་འབད་ནིའི་ལམ་ལུགས་ཚུ་ཡང་ འགོ་བཙུགས་དགོཔ་འདུག་ཟེར་ཨིན་པས།
དེ་ལས་ གནད་དོན་ཅིག་ ཁག་འབག་གི་ ལཱ་ཚུ་གི་སྐབས་ལུ་ ཤིང་ཆས་དང་ བྱེམ་ཐོབ་མ་ཚུགས་པའི་ དཀའ་ངལ་དེ་ཨིནམ་ད་ དེ་ལུ་ ཁག་འབགཔ་ཅིག་གིས་ ཤིང་ཚུ་གི་དོན་ལུ་ གཞུང་གིས་ གོང་ཚད་བཟོ་སྟེ་ཡོདཔ་ཨིན་རུང་ ལག་ལེན་འཐབ་སར་ལྷོདཔ་ད་ ཧེ་མའི་ གོང་ཚད་གུ་ར་ ཉོ་དགོཔ་ཐོན་ཏེ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རང་བཞིན་སླར་འབྱུང་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱིས་ ཤིང་དྲ་ཁང་ཚུ་ལུ་ ཤིང་བགོ་བཀྲམ་འབད་བའི་སྐབས་ གཞུང་གི་གོང་ཚད་གུ་བཀལ་ཏེ་ བཙོང་དོ་ཡོདཔ་ཨིན་རུང་ ཤིང་ཚུ་དྲ་ཚར་ཏེ་ ཁག་འབགཔ་ཚུ་གིས་ ཉོ་བའི་བསྒང་ལས་ གོང་ཚད་མཐོ་དྲགས་སྦེ་ར་ སྤྲོད་དགོཔ་ཐོནམ་མས་ཟེར་ཨིན་པས།
ཁག་འབགཔ་ཚུ་གིས་འབད་བ་ཅིན་ ཁག་འབག་གི་ལཱ་ཚུ་ དུས་ཚོད་ཁར་ བསྒྲུབ་དགོཔ་ད་ མཁོ་གལ་ཆེ་བའི་གནས་སྟངས་ཚུ་ནང་ གོང་ཚད་མཐོ་དྲགས་འབད་རུང་ བྱ་ཐབས་མེད་པར་ ཤིང་ཚུ་ཉོ་དགོཔ་ འཐོནམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ བཟོ་སྐྲུན་གྱི་དོན་ལུ་ དགོས་མཁོ་ཡོད་པའི་ཁག་འབགཔ་ཚུ་ཡང་ ལས་འཛིན་གྱིས་ ཤིང་བགོ་བཀྲམ་འབད་བའི་སྐབས་ བཅའ་མར་གཏོགས་ཆོགཔ་ བཟོ་ཚུགས་པ་ཅིན་ བྱ་སྟབས་བདེ་དྲགས་ འོང་ནི་མས་ཟེར་ཨིན་པས།
ཁག་འབགཔ་ལ་ལུ་ཅིག་གིས་ ལཱ་ཚུ་འབད་བའི་སྐབས་ སྤུས་ཚད་ལྟ་ཞིབ་འབད་ནིའི་དོན་ལུ་ རྫོང་ཁག་བཟོ་རིག་འགོ་དཔོན་དང་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ཚུ་གིས་ འོང་མི་བཏུབ་པས་ཟེར་ སླབ་ཡོདཔ་ད་ དེ་ལུ་ དྲུང་ཆེན་གྱིས་འབད་བ་ཅིན་ ལཱ་གི་སྤུས་ཚད་ལྟ་ཞིབ་ཚུ་ ཁག་འབགཔ་རང་སོའི་ བཟོ་རིག་འགོ་དཔོན་གྱིས་སྦེ་ར་ ལྟ་རྟོག་འབད་དགོཔ་མ་གཏོགས་ གཞུང་གི་ བཟོ་རིག་འགོ་དཔོན་ཚུ་ འོང་དགོཔ་མེད་ཟེར་ སླབ་ཨིན་པས།
ཨིན་རུང་ ཁག་འབགཔ་ལ་ལུ་ཅིག་གིས་ བསམ་འཆར་བཀོད་མིའི་ནང་ ཁག་འབགཔ་ཆེ་བ་ཚུ་གི་དོན་ལུ་ རང་སོའི་བཟོ་རིག་འགོ་དཔོན་ཚུ་ཡོདཔ་ཨིན་རུང་ ཁག་འབགཔ་ཆུང་བ་ཚུ་ལུ་ དེ་བཟུམ་མའི་ ཁྱད་རིག་ཅན་གྱི་ བཟོ་རིག་འགོ་དཔོན་ཚུ་མེད་ཟེར་ སླབ་ཨིན་པས།
དེ་དང་གཅིག་ཁར་ ལྷན་ཁག་གིས་ རྫོང་དང་ སྨན་ཁང་ དེ་ལས་ སློབ་གྲྭ་བཟོ་སྐྲུན་གྱི་ལཱ་ཚུ་ནང་ རྒྱ་གར་ལས་ ནང་འདྲེན་འབད་མི་ སྤག་ཅུང་དམརཔོ་ ལག་ལེན་འཐབ་ནི་དེ་ བཀག་ཆ་འབད་ནིའི་ འཆར་གཞི་བརྩམ་དོ་ཡོདཔ་ད་ དེ་གི་ཚབ་ལུ་ རྒྱལ་ཁབ་ནང་ལས་ ཐོན་སྐྱེད་འབད་མི་ རྩི་ས་དང་ འདམ་གྱི་སྤག་ཅུང་ཚུ་ ལག་ལེན་འཐབ་དགོཔ་སྦེ་ བཟོ་ནི་ཨིན་ཟེར་ཨིན་པས།
དེ་ཡང་ ནང་འཁོད་ཀྱི་བཟོ་སྐྲུན་ཅ་ཆས་ཚུ་ ནང་འདྲེན་འབད་མི་ཚུ་དང་ཕྱདཔ་ད་ ཐུབ་ཚད་ཡང་ མངམ་ཡོདཔ་ལས་ ཤུལ་ལས་ བཟོ་བཀོད་ཀྱི་ཁྱད་ཆོས་ ངང་པ་དང་ བོ་ཚུ་ཡང་ ཤིང་མེན་པར་ ཅ་ཆས་དེ་ཚུ་ ལན་ལེན་འཐབ་ཚུགས་པའི་ ཕན་ཁྱད་ཡོདཔ་ལས་ ཤིང་གི་ལག་ལེན་ མར་ཕབ་རྐྱབ་ཚུགས་ཟེར་ དྲུང་ཆེན་གྱིས་ བཤད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment