གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་བཟོ་སྐྲུན་ཚོགས་སྡེའི་ གཙོ་འཛིན་གསརཔ་ བཙག་འཐུ་འབད་ཡོདཔ།

༢༢/༡/༢༠༡༣   ༉ འདས་པའི་ལོ་ངོ་༡༠ དེ་ཅིག་གི་རིང་ འབྲུག་བཟོ་སྐྲུན་ཚོགས་སྡེའི་ ཁྲི་འཛིན་སྦེ་ ཕྱག་ཞུ་མི་ ཨོ་རྒྱན་ཚེ་ཁྱབ་རྡོ་རྗེ་དེ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ཁྲི་འཛིན་སྦེ་ བཙག་འཐུ་གྲུབ་མི་དང་འབྲེལ་ ཁ་ཙ་ ཚོགས་སྡེའི་ཡོངས་ཁྱབ་ཞལ་འཛོམས་ ཐེངས་༡༤ པའི་ནང་ ཡར་རྒྱས་བཟོ་སྐྲུན་ལས་སྡེའི་ཇོ་བདག་ ཨམ་ཕུརཔ་བཟངམོ་དེ་ ཁྲི་འཛིན་གསརཔ་སྦེ་ བཙག་འཐུ་འབད་ཡི།
ཚོགས་རྒྱན་གྱི་ གྲུབ་འབྲས་གསལ་སྟོན་འབད་བའི་བསྒང་།
ཚོགས་རྒྱན་བཙུག་པའི་བསྒང་།


མ་གཞི་ ཁྲི་འཛིན་གསར་པའི་དོན་ལུ་ བུ་ཊཱན་བིལ་ཌརསི་ལས་ བསོད་ནམས་དབང་འདུས་དང་ བུ་ཊཱན་བཟོ་སྐྲུན་ལས་ བསམ་གྲུབ་ནོར་བུ་ ཉི་མ་བཟོ་སྐྲུན་ལས་ ཨམ་གནག་སྐྱིད་ དེ་ལས་ རིན་སཱོན་བཟོ་སྐྲུན་ལས་ ཤཱཀྱ་ཨར་རྡོ་རྗེ་ཚུ་ མི་ངོ་སྦེ་ གདམ་འཐུ་འབད་ཡོདཔ་ཨིན་རུང་ ཁོང་ཆ་ཁྱབ་ཀྱིས་ ཕྱིར་ཐོན་འབད་ཡོདཔ་ཨིན་པས།
ཨམ་ཕུརཔ་བཟངམོ་ལུ་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་པའི་སྐབས་ ཚོགས་རྒྱན་བསྡོམས་༧༢ ལས་ དགོ་གི་ཚོགས་རྒྱན་༦༣ དང་ མི་དགོ་གི་ཚོགས་རྒྱན་༤ གི་ཐོག་ལས་ བཙག་འཐུ་གྲུབ་ཅི།
ཚོགས་རྒྱན་དེ་ཡང་ ཤོག་གུའི་གུ་ མི་ངོའི་མིང་ཐོ་བཀོད་ཞིནམ་ལས་ དགོ་དང་མི་དགོའི་གུ་ རྟགས་བཀལ་ཐོག་ལས་ བཙུགས་ཡོདཔ་བཞིན་དུ་ ཨམ་ཕུརཔ་བཟངམོ་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ ཚོགས་རྒྱན་༥ འི་གུ་ དགོ་དང་མི་དགོ་༢ ཆ་རའི་ནང་ རྟགས་བཀལ་མི་ལུ་བརྟེན་ ཆ་མེད་སོང་ཡི།
ཡོངས་ཁྱབ་ཞལ་འཛོམས་དེ་ཡང་ ཐིམ་ཕུ་ལུ་ཡོད་པའི་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཞལ་འཛོམས་ཁང་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ནང་ རྒྱལ་ཁབ་ཀྱི་ རྫོང་ཁག་ཚུ་ནང་ལས་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན།
དེ་བཟུམ་སྦེ་ ད་ལྟོའི་ ཁྲི་འཛིན་འོག་མ་༢ ཡང་ གནས་ཡུན་ཚང་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་ཐོག་ལས་ གསརཔ་བཙག་འཐུ་འབདཝ་ད་ ཨིསཊི་ཝེསཊི་བཟོ་སྐྲུན་ལས་སྡེ་ལས་ ལྷུན་གྲུབ་རྡོ་རྗེ་གིས་ ཚོགས་རྒྱན་༥༢ དང་ ནོར་ལྷ་བཟོ་སྐྲུན་ལས་ རྟ་མགྲིན་དབང་ཕྱུག་གིས་ ཚོགས་རྒྱན་༤༠ ཐོབ་སྟེ་ བཙག་འཐུ་གྲུབ་ཅི།
གཙོ་འཛིན་འོག་མའི་དོན་ལུ་ མི་ངོ་༦ འབད་མིའི་ནང་ གཙོ་འཛིན་འོག་མ་སྦེ་ འདས་པའི་གནས་ཡུན་རིང་ ཕྱག་ཞུ་མི་ རྟ་མཆོག་བཟོ་སྐྲུན་ལས་ རྡོ་རྗེ་ཚེ་རིང་དང་ གངས་རི་བཟོ་སྐྲུན་ལས་ ཀརྨ་ཇི་དབང་ཕྱུག་༢ ཀྱིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་རུང་ ཁོང་༢ ཀྱིས་ ཚོགས་རྒྱན་༣༠ དང་༡༠ རེ་ལས་བརྒལ་ ཐོབ་མ་ཚུགས་མི་ལུ་བརྟེན་ ཕམ་ཡོདཔ་ཨིན།
དེ་བཟུམ་སྦེ་ ཕུན་སུམ་བིལ་ཌརསི་ལས་ ཀརྨ་ཇ་ཊུ་གིས་ ཚོགས་རྒྱན་༨ དང་ ཝང་གླིང་བཟོ་སྐྲུན་གྱི་ འཕྲིན་ལས་རྒྱ་མཚོ་གིས་ ཚོགས་རྒྱན་༤ མ་གཏོགས་ ཐོབ་མ་ཚུགས།
དེ་ལས་ ཚོགས་སྡེའི་ བཀོད་ཚོགས་འཐུས་མི་ཚུ་ཡང་ བཙག་འཐུ་འབད་ཡོདཔ་ད་ དེ་ནང་ ཁག་འབག་སྡེ་རིམ་ཆེ་བ་དང་ བར་མ་ དེ་ལས་ ཆུང་བ་ཚུ་ནང་ལས་ མི་༤ རེ་འབདཝ་ད་ བསྡོམས་ཀྱིས་ མི་༡༢ བཙག་འཐུ་འབད་ཡི།
དེ་ལུ་ ཁག་འབག་སྡེ་རིམ་ཆུང་བ་ ལ་ལུ་ཅིག་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཁག་འབག་སྡེ་རིམ་ཆུང་བ་ཚུ་ནང་ལས་ བཀོད་ཚོགས་ཀྱི་འཐུས་མི་ མེད་མི་ལུ་བརྟེན་ ཁོང་གི་དཀའ་ངལ་ཚུ་ གསལ་བཀོད་འབད་མ་ཚུགསཔ་ཨིན་རུང་ ད་རེས་ཀྱི་ ལམ་ལུགས་དེ་གིས་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ཨིན་པས།
ཁག་འབག་ཆུང་རིམ་ཚུ་གི་ བཀོད་ཚོགས་ཀྱི་འཐུས་མི་སྦེ་ བཙག་འཐུ་གྲུབ་མི་ སྟག་ཨ་མའི་གཞོན་ནུ་བཟོ་སྐྲུན་གྱི་ཇོ་བདག་ སངས་རྒྱས་མགོན་པོ་གིས་ བཤད་མིའི་ནང་ བཟོ་སྐྲུན་དང་དང་འབྲེལ་བའི་ དཀའ་ངལ་སྦོམ་ཤོས་ར་ ཁག་འབག་སྡེ་རིམ་ཆུང་བ་ཚུ་ལུ་ བྱུང་དོ་ཡོདཔ་བཞིན་དུ་ ད་རེས་ཀྱི་ ལམ་ལུགས་ལུ་བརྟེན་ ཁོང་གིས་ཡང་ ཞལ་འཛོམས་ཚུ་གི་སྐབས་ ཁོང་རའི་དཀའ་ངལ་ཚུ་ གསལ་བཀོད་འབད་ཚུགས་པའི་ གོ་སྐབས་ལེགས་ཤོམ་ཅིག་ ཨིན་མས་ཟེར་ཨིན་མས།
ཚོགས་སྡེའི་ཁྲི་འཛིན་བགྲེསཔ་ ཨོ་རྒྱན་ཚེ་ཁྱབ་ཀྱིས་ ད་ལས་ཕར་ འབྲུག་བཟོ་སྐྲུན་ཚོགས་སྡེའི་ནང་ གོང་འཕེལ་ཚུ་ སྦོམ་བྱུང་བའི་ རེ་བ་དང་ སྨོན་ལམ་ཡོད་ཟེར་ སླབ་ཡོདཔ་མ་ཚད་ བཟོ་སྐྲུན་གྱི་ལཱ་ཚུ་འབད་བའི་སྐབས་ བཟོ་སྐྲུན་འབད་མི་ཚུ་ གཞུང་གི་དོན་ལུ་ཨིན་ཟེར་མ་མནོ་བར་ རང་གི་ཨིན་པའི་ མནོ་བསམ་གཏང་ཐོག་ལས་ སྤུས་ཚད་ལུ་ ཤུགས་བཏོན་ཏེ་ ལཱ་འབད་དགོ་ཟེར་སླབ་ཅི།
ད་རེས་ཁོ་ར་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་སྦེ་ ཕྱག་ཞུ་བའི་སྐབས་ བཟོ་སྐྲུན་ཚོགས་སྡེ་དང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་༢ ཀྱི་བར་ན་ འབྲེལ་བ་ལེགས་ཤོམ་བཟོ་ནི་ལུ་ ཤུགས་བཏོན་འོང་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment