གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒེར་སྡེ་ཚུ་གིས་ རང་སོའི་ལས་བྱེདཔ་ཚུ་ འཛིན་སྐྱོང་འཐབ་ནི་ལུ་དོ་འགྲན།

༢༣/༡/༢༠༡༣   ༉ ཉིན་གྲངས་༡༠ གྱི་རིང་ ཐིམ་ཕུ་ལུ་སྦེ་ སྒེར་གྱི་ཆེ་རིམ་དང་ ཆུང་རིམ་ཚོང་སྡེ་ཚུ་ལས་ མི་སྟོབས་ཐོན་སྐྱེད་འགོ་དཔོན་༢༧ དེ་ཅིག་གིས་ རང་སོའི་ ཚོང་ལས་ཁང་ཚུ་ནང་ མི་སྟོབས་མ་ལང་པའི་དཀའ་ངལ་དང་ མི་སྟོབས་ཐོན་སྐྱེད་གོང་འཕེལ་གཏང་ནིའི་དོན་ལུ་ འཆར་གཞི་བཟོ་ཐངས་ཚུ་གི་སྐོར་ལས་ སྦྱོང་བརྡར་འབད་མི་དེ་ སྤྱི་ཟླ་༡ པའི་ཚེས་༡༨ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།


སྦྱོང་བརྡར་ལས་རིམ་དེ་ རྒྱལ་ཁབ་ནང་ སྒེར་སྡེ་གོང་འཕེལ་གཏང་ཐོག་ལས་ དཔལ་འབྱོར་ཡར་སྐྱེད་གཏང་ནི་དེ་ གཞུང་གི་སྲིད་བྱུས་དང་ གཞི་རྩ་ཅན་གྱི་ དམིགས་ཡུལ་དང་འཁྲིལ་ཏེ་ སྒེར་སྡེ་ནང་ མི་སྟོབས་ཐོན་སྐྱེད་ལྕོགས་གྲུབ་ཅན་བཟོ་ནི་དང་ ལཱ་གཡོག་གི་གོ་སྐབས་སྤྲོད་པའི་སྐབས་ ག་དེ་སྦེ་ གདམ་འཐུ་འབད་ནི་ཨིན་ནའི་སྐོར་ལས་ སྦྱོང་བརྡར་འབད་ཡོདཔ་ལས་ ལྷན་ཐབས་བྱུང་ཡོདཔ་ཨིན་པས།
སྦྱོང་བརྡར་ལས་རིམ་ལུ་བརྟེན་ ད་ཚུན་ ཚོང་ལས་ཁང་ཚུ་ནང་ ལཱ་གཡོག་གི་གོ་སྐབས་སྤྲོད་པའི་སྐབས་ གདམ་འཐུ་འབདཝ་ད་ བཙག་འཐུ་གྲུབ་པའི་ མི་ངོམ་དེ་ ཡོན་ཏན་དང་ རིག་རྩལ་ ལྕོགས་གྲུབ་ དེ་ལས་ ཉམས་མྱོང་ཚུ་ག་ནི་ཡང་ མེད་དེ་འབད་རུང་ རང་གི་ ངོ་ཤེས་འདྲིས་ཤེས་དང་ ཉེ་ཚན་ཚུ་ལུ་ གོ་སྐབས་སྤྲོད་དེ་ ལཱ་གཡོག་གཞན་འབད་མི་ཚུ་ ལྕོགས་གྲུབ་ཡོད་དེ་འབད་རུང་ གཡོག་ལས་བཏོན་བཏང་ནི་དེ་གིས་ མི་སྟོབས་ཡར་སྐྱེད་འགྱོ་མ་ཚུགས་མི་དེ་ དེ་ལུ་བརྟེན་ཨིནམ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
མི་སྟོབས་འགོ་དཔོན་ཚུ་གིས་ ལཱ་གཡོག་འཚོལ་མི་ཚུ་གིས་ སྒྲིགས་ལམ་རྣམ་གཞག་དང་ འབད་གཞག་བཅའ་གཞག་ དེ་ལས་ རྣམ་འགྱུར་ཚུ་ ལེགས་ཤོམ་མེད་པའི་ཁའི་ གདམ་འཐུ་འབད་མི་ཚུ་གིས་ ལཱ་འབད་བའི་སྐབས་ཡང་ བྱ་བ་སྤྱོད་ལམ་ཚུ་ ལེགས་ཤོམ་མེདཔ་ལས་ ལཱ་གི་གནས་སྟངས་ཚུ་ མནོ་དོན་བཞིན་དུ་ གྲུབ་མ་ཚུགས་པའི་སྐོར་ལས་ གྲོས་བསྡུར་འབད་ཡི།
སྦྱོང་བརྡར་སློབ་སྟོན་པ་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭའི་ ཐབས་རིག་སློབ་སྟོན་པ་ སངས་རྒྱས་རིག་འཛིན་གྱིས་ སླབ་མི་དང་འཁྲིལཝ་ད་ དེ་བཟུམ་གྱི་ གནས་སྟངས་ཚུ་ འཛིན་སྐྱོང་འཐབ་ནི་ལུ་ ཐབས་རིག་དགོཔ་ཁག་ཆེ་བའི་སྐོར་ལས་ བཤད་ཡོདཔ་མ་ཚད་ མི་སྟོབས་འགོ་དཔོན་ཚུ་གིས་ ཚོང་ལས་ཁང་ནང་ མི་སྟོབས་ཐོན་སྐྱེད་གོང་འཕེལ་གཏང་དགོ་པ་ཅིན་ ལཱ་གཡོག་ནང་ འཛུལ་ཞུགས་འབད་མི་ཚུ་ སྤྲོ་བ་སྦོམ་བསྐྱེད་ཐབས་ལུ་ འཆར་གཞི་ལེགས་ཤོམ་བརྩམ་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ལཱ་འབད་མི་ཚུ་གིས་ གཡོག་དེ་ལུ་ ཧེང་བཀལ་ར་ བརྩོན་ཤུགས་བསྐྱེད་ཐབས་ལུ་ རྒྱུད་བསྐུལ་འབད་དགོཔ་ད་ མི་ཚེ་ནང་ ལཱ་གཡོག་ཡུན་བརྟན་གནས་ཐབས་ཀྱི་ ཡོན་ཏན་དང་ སློབ་སྟོན་ཚུ་ བྱིན་དགོཔ་བཞིན་དུ་ ལཱ་གཡོག་གི་ གོ་སྐབས་སྤྲོདཔ་དང་འབྲེལ་ བློ་གཏད་པའི་མི་དང་ ཕན་ཐོགས་ཚུགས་མི་ཚུ་ བཙག་འཐུ་འབད་ཐངས་ཀྱི་ གོ་བརྡ་སྤྲོད་ཡི།
སྐུ་པར་སྤར་སྐྲུན་འབད་མི་ལས་ བཅའ་མར་གཏོགས་མི་ མི་ན་ ཐཱ་པ་གིས་ སླབ་མིའི་ནང་ སྦྱོང་བརྡར་ལས་རིམ་དེ་ ཕན་ཐོགས་སྦོམ་ཡོདཔ་ལས་བརྟེན་ ད་རུང་ ཕར་འགྱངས་འབད་བ་ཅིན་ ཡོན་ཏན་དང་ ཉམས་མྱོང་ལེ་ཤ་འཐོབ་ཚུགས་ནི་མས་ཟེར་ཨིན་པས།
མོ་གིས་ ད་ལས་ཕར་ མོ་རའི་ ཚོང་ཁང་ནང་ ལཱ་གཡོག་འབད་མི་ གདམ་འཐུ་འབད་ཐངས་ཀྱི་ ཤེས་རྟོགས་བྱུང་ཡོདཔ་ད་ དེ་ཡང་ བློ་གཏད་པའི་མི་དང་ ཕན་ཐོགས་ཚུགས་མི་ཚུ་ གཡོག་གི་གནས་ཚད་ ཡོན་ཏན་དང་ རིག་རྩལ་ ལྕོགས་གྲུབ་ དེ་ལས་ བྱ་སྤྱོད་ལེགས་ཤོམ་ཡོད་མི་ཚུ་ བཙག་འཐུ་འབད་ཐངས་ཚུ་ ལེགས་ཤོམ་སྦེ་ར་ ཧ་གོ་ཡི་ཟེར་ སླབ་ཨིན་པས།
སངས་རྒྱས་ཚོང་ལས་ཁང་ལས་ བཅའ་མར་གཏོགས་མི་གིས་འབད་རུང་ ལཱ་འབད་མི་ཚུ་ གདམ་འཐུ་འབད་ཐངས་ཀྱི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ཡོདཔ་མ་ཚད་ ད་ལས་ཕར་ ཚོང་ལས་ཁང་དེ་ ག་དེ་སྦེ་ བསྒྱུར་བཅོས་འབད་དེ་ གོང་འཕེལ་གཏང་དགོཔ་ཨིན་ན་དང་ ལས་སྡེ་དེ་ ཡར་རྒྱས་འགྱོ་དགོ་པ་ཅིན་ ཁྱད་ཆོས་ཚང་དགོཔ་ ག་ཅི་ཡོདཔ་ཨིན་ནའི་ ཤེས་རྟོགས་བྱུང་ཡི་ཟེར་ སླབ་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ རྒྱ་གར་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ལས་གཡོག་ལྷན་ཁག་དང་ འབྲུག་སློབ་གྲྭ་འཛིན་སྐྱོང་འཕྲུལ་རིག་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རྟ་མགྲིན་དབང་འདུས་ཀྱིས་ མི་སྟོབས་འགོ་དཔོན་ཚུ་གིས་ ད་ལས་ཕར་ རང་སོའི་ཚོང་ལས་ཁང་ཚུ་ནང་ མི་སྟོབས་ཐོན་སྐྱེད་འབད་ནིའི་དོན་ལུ་ གྲོས་བསྟུན་ལེགས་ཤོམ་འབད་དེ་ གདམ་འཐུ་འབད་ཐངས་དང་ མི་སྟོབས་གོང་འཕེལ་གཏང་ནིའི་དོན་ལུ་ འཆར་གཞི་བརྩམ་ཐངས་ དེ་ལས་ ཚོང་ལས་ཁང་ནང་ དཀའ་ངལ་ག་ཅི་ཡོདཔ་ཨིན་ན་དང་ གདོང་ལེན་འབད་དགོཔ་ཚུ་ ཐབས་ཤེས་གནས་སྐབས་ཐོག་ལས་ འབད་དགོཔ་ ཁག་ཆེ་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ རྒྱ་གར་གཞུང་གིས་ ལས་གཡོག་ལྷན་ཁག་ལུ་ སྦྱོང་བརྡར་ལས་རིམ་ འགོ་འདྲེན་འཐབ་ནིའི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༦ བྱིན་ཡོདཔ་བཞིན་དུ་ ལོ་དེ་ནང་ སྦྱོང་བརྡར་ལས་རིམ་ཚར་༥ འགོ་འདྲེན་འཐབ་ཡོདཔ་ད་ དུས་ཅི་ རྒྱ་གཞུང་ལས་ མ་དངུལ་གྲོགས་རམ་ དངུལ་ཀྲམ་ས་ཡ་༢ གནང་ཡོདཔ་ཨིན་པས།
སྤྱི་ཟླ་༡ པའི་ཚེས་༢༥ ལུ་ ཕུན་ཚོགས་གླིང་ལུ་སྦེ་ ལས་སྡེ་དང་ ལས་འཛིན་ དེ་ལས་ སྒེར་གྱི་ཚོང་ལས་ཁང་ཚུ་གི་ མི་སྟོབས་འགོ་དཔོན་ཚུ་ལུ་ སྦྱོང་བརྡར་འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment