གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཕྲལ་མགྱོགས་ར་ བཙག་འཐུའི་ཤེས་ཡོན་དང་ འགོ་དཔོན་ཚུ་གི་ སྦྱོང་བརྡར་འགོ་བཙུགས་ནི།

༢༥/༡/༢༠༡༣   ༉ འདས་པའི་བདུན་ཕྲག་ནང་ དང་འདོད་ཅན་གྱི་ སྲིད་ཚོགས་གསརཔ་ཚུ་གི་གྲས་ལས་ མཇུག་ར་ འབྲུག་མཉམ་རུབ་ཚོགས་པའི་ཐོ་བཀོད་ ཆ་འཇོག་ཐོག་ ལག་ཁྱེར་ཐོབ་མི་དང་བསྟུན་ དུས་ཅི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ སྲིད་ཚོགས་ཚུ་ག་ར་ གྲ་སྒྲིག་འབད་ནི་ འགོ་བཙུགསཔ་བཞིན་དུ་ དེ་དང་འབྲེལ་ བཙག་འཐུ་འགོ་འདྲེན་གྱི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ལཱ་འབད་དགོཔ་ཚུ་ཡང་ བཟོ་དོ་ཡོདཔ་ཨིན་པས།


བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ བཙག་འཐུ་འགོ་འདྲེན་འཐབ་ནིའི་དོན་ལུ་ གོ་བརྡའི་ཤེས་ཡོན་དང་ སྦྱོང་བརྡར་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོཔ་ཡོད་ཟེར་ཨིན་པས།
དེ་ཡང་ བཙག་འཐུ་འགོ་འདྲེན་གྱི་དོན་ལུ་ ཚོགས་རྒྱན་བཙུགས་མིའི་ ཐོ་དེབ་ཟིན་བྲིས་ཚུ་འབད་བའི་བསྒང་ཡོདཔ་མ་ཚད་ བཙག་འཐུའི་ཚོགས་རྒྱན་བཙུགས་ནི་གི་ ཚེས་གྲངས་དང་བསྟུན་ ཐོ་དེབ་དེ་ཡང་ ཆ་འཇོག་འབད་དགོཔ་ཡོདཔ་ཨིན་པས།
ཚོགས་རྒྱན་བཙུགས་ནིའི་དོན་ལུ་ མི་ལ་ལུ་ཅིག་གིས་ ཚོགས་རྒྱན་ངོ་པར་གསརཔ་ འཐོབ་པའི་རེ་བ་བསྐྱེདཔ་ཨིན་རུང་ བཙག་འཐུའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚོགས་རྒྱན་གྱི་ངོ་པར་དེ་ འདས་པའི་ས་གནས་གཞུང་གི་ བཙག་འཐུའི་སྐབས་ཐོབ་ཡོད་མི་ ངོ་པར་ཚུ་ ལག་ལེན་འཐབ་ནི་ཨིནམ་ལས་ ལོགས་སུ་སྦེ་ གསརཔ་སྤྲོད་དགོཔ་དང་ ལེན་དགོཔ་མེད་རུང་ ཚོགས་རྒྱན་བཙུགས་མི་གསརཔ་ ཐོ་བཀོད་འབད་མི་དང་ ཧེ་མ་ མ་ཐོབ་མི་ཚུ་གིས་ འབྲེལ་ཡོད་བཙག་འཐུའི་ ཡིག་ཚང་ཚུ་ནང་ སོང་ཞིནམ་ལས་ མཁོ་འདོད་བཀོད་པ་ཅིན་ དབྱེ་ཞིབ་ཐོག་ སྤྲོད་འོང་ཟེར་ཨིན་པས།
དེ་མིན་པར་ ཧེ་མ་ཐོབ་སྟེ་ བྱང་སྟོར་ཤོར་སོ་པ་ཅིན་ སྙན་ཞུ་ཕུལ་ཐོག་ལས་ བྱ་རིམ་དང་བསྟུན་ གསརཔ་ལེན་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
དེ་བཟུམ་སྦེ་ བཙག་འཐུ་འགོ་འདྲེན་དང་འབྲེལ་བའི་ ལྷན་ཚོགས་ལུ་ ལཱ་ཚུ་གི་གྲས་ལས་ གཅིག་འཕྲལ་ར་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དང་འདོད་ཅན་གྱི་ འདེམས་ངོ་ཚུ་གི་དོན་ལུ་ གོ་བརྡའི་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ནང་ འདེམས་ངོ་ཚུ་གིས་ ལྷན་ཚོགས་དང་འབྲེལ་བ་འཐབ་ནི་དང་ མ་དངུལ་གྱི་ རྩིས་ཁྲ་བཞག་ཐངས་ འཛོམས་འདུ་འབད་ཐངས་ལ་སོགས་པའི་ བྱ་རིམ་ཚུ་དང་འབྲེལ་བའི་ ཤེས་ཡོན་སྤྲོད་ནི་ཨིན་པས།
དེ་ལས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ཡང་ ད་རུང་ ཤོ་ཐེངས་༢ པའི་ནང་ ཚོགས་སྡེ་དང་ ཚོགས་འདུའི་བཙག་འཐུ་སོ་སོ་དང་འབྲེལ་བའི་ གནད་དོན་ཚུ་དང་འབྲེལ་བའི་ གོ་བརྡའི་ཤེས་ཡོན་གྱི་དོན་ལུ་ སྦྱོང་བརྡར་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་དགོཔ་ཡོད་ཟེར་བཤད་ཅི།
དེ་མ་ཚད་ བཙག་འཐུའི་སྐབས་ འགན་འཁྲི་ཅན་གྱི་ རྒྱལ་ཡོངས་ལྟ་རྟོག་པ་དང་ ངོས་ལེན་འགོ་དཔོན་ལ་སོགས་པའི་ བཙག་འཐུ་དང་འབྲེལ་བའི་ འགོ་དཔོན་ཚུ་ལུ་ཡང་ རང་སོའི་ འགན་འཁྲི་དང་འབྲེལ་བའི་ སྦྱོང་བརྡར་ཚུ་ བྱིན་དགོཔ་ཡོད་ཟེར་ཨིན་པས།
དེ་སྦེ་ སྦྱོང་བརྡར་བྱིན་དགོ་མི་དེ་ཡང་ བཙག་འཐུའི་སྐབས་ ལྷན་ཚོགས་ལུ་ མི་སྟོབས་མེདཔ་ལས་ ལས་སྡེ་ཁག་སོ་སོའི་ ཞི་གཡོགཔ་ཚུ་ བཙག་འཐུའི་སྐབས་ ལས་མི་སྦེ་ ལེན་དོ་ཡོདཔ་བཞིན་དུ་ དེ་ཚུ་ཡང་ མང་ཤོས་ར་ ཧེ་མ་ བཙག་འཐུའི་སྐབས་བཅའ་མར་མ་གཏོགས་མི་ཚུ་ འོང་དོ་ཡོདཔ་ལས་ བཙག་འཐུ་ཚར་རེ་ལུ་ འགོ་དཔོན་དེ་ཚུ་ལུ་ རང་སོའི་ འགན་འཁྲི་དང་འབྲེལ་བའི་ སྦྱོང་བརྡར་ཚར་རེ་ བྱིན་དགོཔ་ཐོནམ་མས་ཟེར་ཨིན་པས།
བཙག་འཐུའི་དོན་ལུ་ གཙོ་བོ་ར་ སྲིད་ཚོགས་ཚུ་དགོཔ་ཡོད་མི་དེ་ གྲ་སྒྲིག་སོང་ཡོད་མི་དང་བསྟུན་ ལྷན་ཚོགས་ཀྱིས་ ཕྱག་ལཱ་གནང་དགོཔ་ཚུ་རྐྱངམ་གཅིག་ལུས་ཡོདཔ་བཞིན་དུ་ དེ་ཚུའི་གྲས་ལས་ གཙོ་བོ་ར་ བཙག་འཐུའི་ཚེས་གྲངས་གསལ་བསྒྲགས་འབད་ནི་དེ་ཨིནམ་ད་ བཙག་འཐུ་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཙག་འཐུའི་ཚེས་གྲངས་ཡང་ འཕྲལ་མགྱོགས་ར་ གསལ་བསྒྲགས་འབད་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment