གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་གཏེར་ལག་ལེན་གྱིས་ མཐའ་འཁོར་གནས་སྟངས་ལུ་ ཉམས་ཆག་འབྱུང་ཉེན་ཡོདཔ།

༢༣/༡/༢༠༡༣   ༉ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ རང་བཞིན་མཐའ་འཁོར་གནས་སྟངས་ སྙན་ཞུ་ཟིན་བྲིས་དང་འཁྲིལཝ་ད་ འབྲུག་ལུ་ བཟོ་གྲྭ་གོང་འཕེལ་དང་ དཔལ་འབྱོར་ཡར་རྒྱས་ཀྱི་གནས་སྟངས་ལུ་བརྟེན་ ས་གཏེར་དང་འབྲེལ་བའི་ ཐོན་སྐྱེད་ཚུ་ རྒྱ་ཆེ་དྲགས་སྦེ་ ཡར་སེང་འགྱོ་མི་གིས་ མཐའ་འཁོར་གྱི་ སའི་གནས་སྟངས་ལུ་ ཉམས་ཆག་སྦོམ་བྱུང་ཡོདཔ་སྦེ་ གསལ་བཀོད་འབད་ནུག།


དེ་ཡང་ སྙན་ཞུ་དང་འཁྲིལཝ་ད་ ས་གཏེར་ལག་ལེན་གྱིས་ ཐད་ཀར་དུ་ ས་ཆའི་མཐའ་འཁོར་ལུ་ ཉམས་སྐྱོན་འབདཝ་མ་ཚད་ སའི་དབྱིབས་ལུ་ཡང་ ཉམས་ཆག་བྱུངམ་ཨིན་ཟེར་ཨིན་པས།
ས་རིག་དང་ས་གཏེར་ལས་ཁུངས་ཀྱི་ གནས་སྡུད་ཐོ་དེབ་དང་འཁྲིལཝ་ད་ ས་གཏེར་དང་འབྲེལ་བའི་ ས་བརྐོ་རྡོ་སློག་འབད་མིའི་ ལས་སྡེ་ཁག་༦༧ ཡོད་མི་ཚུ་གིས་ ས་ཆ་ ཧེག་ཊར་༡༤,༠༤.༩༤ དེ་ཅིག་ནང་ ལས་འགུལ་ཚུ་ ལག་ལེན་འཐབ་སྟེ་ འདུག་ཟེར་ཨིན་པས།
དེ་ཚུ་གི་གྲས་ལས་ ས་གཏེར་ལས་སྡེ་ རྒྱ་ཆ་༥༣ དེ་ཅིག་ བསམ་རྩེ་རྫོང་ཁག་ནང་ཡོདཔ་ད་ རྫོང་ཁག་དེ་ནང་གི་ ས་གཏེར་ཚུ་ནང་ལས་ ས་གཏེར་མ་འདྲཝ་ཚུ་གི་ཐོན་སྐྱེད་ ཡོངས་བསྡོམས་ ལོ་བསྟར་བཞིན་དུ་ དུང་ཕྱུར་༡ དེ་ཅིག་ འབད་དོ་ཡོདཔ་ཨིན་པས།
ས་གཏེར་ཚུ་ཡང་ མང་ཤོས་ར་ རྡོ་ནག་དང་ རྡོ་དཀར་ རྡོ་སོལ་ ཤེལ་རྡོ་ ཙུ་ནེ་རྡོ་ཚུ་བཏོན་དོ་ཡོདཔ་མ་ཚད་ གཞན་ཡང་ བྱེམ་དང་ རྡོ་ཚུ་བཏོན་སའི་ས་ཁོངས་ཚུ་ ཡོདཔ་ཨིན་པས།
ས་གཏེར་དང་འབྲེལ་བའི་ གོང་འཕེལ་ལས་འགུལ་གྱིས་ ས་ཆའི་གནས་སྟངས་ལུ་ ཐད་ཀར་གྱི་ ཉམས་སྐྱོན་ཡོད་མི་དེ་ཡང་ ས་གཏེར་བཏོན་ནིའི་དོན་ལུ་ ས་རྐོ་རྡོ་སློག་གི་ ལཱ་འབད་དགོཔ་ལས་བརྟེན་ ས་གོ་དེ་ནང་གི་ རི་ བྱག་ ཤིང་དང་ ནགས་ཚལ་ཚུ་ མེདཔ་བཏང་ཐོག་ལས་ ས་རྐོ་འཕྲུལ་ཆས་ལག་ལེན་ཐོག་ རི་དང་ སྤོག་ཏོག་ཚུ་ཡང་ རྩ་བ་ལས་བརྡལ་བཏང་མི་དེ་གིས་ ཨིན་པས།
དེ་སྦེ་ རི་ བྱག་ ཤིང་དང་ ནགས་ཚལ་ཚུ་ མེདཔ་བཏང་མི་དེ་གིས་ ས་གནས་ཁར་ ས་རུད་དང་ ཆུ་རུད་ཚུ་ འཐོན་ནིའི་ ཉེན་ཁ་ཚུ་ཡོད་ཟེར་ཨིན་པས།
ས་རྐོ་ རྡོ་སློག་འབད་དེ་ ས་དང་རྡོ་དགོ་མ་ཆོདཔ་ཚུ་ སྤུངས་བཞག་མི་དེ་གིས་ཡང་ ཉེན་ཁ་ཅན་གྱི་རྫས་རིག་དང་ རྫས་སྡུག་ལ་སོགས་པ་ཚུ་ཡོདཔ་ལས་ ཐབས་ཤེས་ཚུལ་ལྡན་སྦེ་ ལག་ལེན་མ་འཐབ་པ་ཅིན་ རང་བཞིན་མཐའ་འཁོར་དང་འབྲེལ་བའི་ ཉེན་ཁ་སྦོམ་ར་ ཡོད་ཟེར་ཨིན་པས།
འབྲུག་གི་ས་གཏེར་ལས་འགུལ་ཚུ་ག་ར་ ནང་འཁོད་བཟོ་གྲྭའི་མཁོ་འདོད་འགྲུབ་ཐབས་ལུ་དང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ རྒྱ་གར་གྱི་བཟོ་གྲྭ་ཚུ་ནང་ ཕྱིར་བཙོང་གི་ ལག་ལེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment