གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལས་ཁུངས་ཁག་གི་ མདའ་རྩེད་འགྲན་བསྡུར་ཐེངས་དང་པ་ རྩེད་འགྲན་འབད་ནི།

༢༩/༡/༢༠༡༣   ༉ སྤྱི་ལོ་༢༠༡༣ ཟླ་༢ པའི་ཚེས་༡ ལས་ འགོ་བཙུགས་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་ཐང་ནང་སྦེ་ ལས་ཁུངས་ཁག་གི་བར་ན་ ཕྱི་རྒྱལ་མདའ་གཞུའི་ཐོག་ལུ་ མདའ་རྩེད་འགྲན་བསྡུར་ཐེངས་དང་པ་ རྩེད་འགྲན་འབད་ནི་ཨིན་པས།


དེ་ཡང་ ཀོ་ལོ་བཱར་བྱུང་རིམ་དང་ དགའ་སྤྲོའི་ལས་རིམ་ལས་སྡེ་གིས་ རྒྱལ་ཁབ་ནང་ འགོ་དང་པ་ འགོ་འདྲེན་འཐབ་མི་ རྩེད་འགྲན་གྱི་ དམིགས་ཡུལ་དེ་ གཞུང་གི་ལས་ཁུངས་ཁག་དང་ ལས་འཛིན་ ལས་སྡེ་ དེ་ལས་ སྒེར་སྡེ་ཚུ་ནང་ ལཱ་འབད་མི་ཚུ་ལུ་ གཏན་རྐྱང་གི་ ལཱ་རྐྱངམ་གཅིག་མེན་པར་ རྩེདམོ་གི་རིགས་ལས་ རྒྱལ་ཡོངས་ཀྱི་རྩེདམོ་ མདའ་རྩེད་ལུ་ སྤྲོ་བ་སྦོམ་འབྱུང་བཅུག་ནི་ལུ་ཨིན་པས།
ཀོ་ལོ་བཱར་བྱུང་རིམ་དང་ དགའ་སྤྲོའི་ལས་རིམ་ལས་སྡེའི་འཛིན་སྐྱོང་པ་ ཀརྨ་ཕུན་ཚོགས་ཀྱིས་ སླབ་མི་དང་འཁྲིལཝ་ད་ ན་གཞོན་ཚུ་གིས་ རང་ལུགས་ཀྱི་རྩེདམོ་ མདའ་རྩེད་འགྲན་བསྡུར་འབད་ནི་ལུ་ སྤྲོ་བ་ལེན་བཅུག་ནི་དང་ ལྷག་པར་དུ་ ལས་རིམ་འདི་ནང་ མི་ལེ་ཤ་སྦེ་ ལྟདམོ་བལྟ་བར་ འོང་བཅུག་ནིའི་ཐབས་ཤེས་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ཨིན་ཟེར་ཨིན་པས།
ཀརྨ་ཕུན་ཚོགས་ཀྱིས་ ཀུན་གསལ་ལུ་སླབ་མིའི་ནང་ མདའ་རྩེད་འགོ་འདྲེན་འཐབ་མི་དེ་ རང་རྐྱང་གི་ཐོག་ལས་མེན་པར་ འབྲུག་རང་ལུགས་ མདའ་རྩེད་ཚོགས་པའི་ཁ་ཐུག་ལས་ཡང་ ལས་རིམ་འགོ་འདྲེན་འཐབ་ནིའི་ནང་ མཉམ་འབྲེལ་འབད་ཡོདཔ་མ་ཚད་ ལས་རིམ་འགོ་འདྲེན་ མ་འཐབ་པའི་སྔ་གོང་ལས་ རྒྱབ་སྐྱོར་འབད་མི་ལས་སྡེ་དང་ འབྲུག་རང་ལུགས་མདའ་རྩེད་ཚོགས་པའི་ འགོ་དཔོན་ཚུ་དང་ མོས་མཐུན་ཐོག་ལས་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
ལས་སྡེ་གིས་ རྒྱལ་ཁབ་ནང་ བཱསི་ཀེཌ་བཱོལ་དང་ བཱོ་ལི་བཱོལ་ དེ་ལས་ ཕུཊ་བཱོལ་གྱི་རྩེད་རིགས་ ཁག་ལེ་ཤ་ཅིག་ར་འགོ་འདྲེན་འཐབ་ཡོདཔ་ཨིན་པས།
འདས་པའི་རྩེད་འགྲན་ཚུ་འགོ་འདྲེན་འཐབ་པའི་སྐབས་ལུ་ རང་སོའི་སྡེ་ཚན་ནང་གི་ འགོ་ཁྲིདཔ་ཚུ་གིས་ མདའ་རྩེདཔ་ལེགས་ཤོམ་ཡོད་མི་ཚུ་ ཏི་རུ་སྤྲོད་དེ་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ གླ་ཁར་ལེན་ཐོག་ལས་ རྩེད་འགྲན་འབད་དོ་ཡོདཔ་ཨིན་པས།
ད་ལྟོ་འགོ་འདྲེན་འཐབ་ནི་ཨིན་མིའི་རྩེད་འགྲན་ནང་ རང་གི་ལས་ཁུངས་ནང་ ལཱ་འབད་མི་མ་གཏོགས་ གཞན་ཁ་ལས་ གླ་འཐུས་སྤྲོད་དེ་ རྩེད་འགྲན་འབད་མ་ཆོག་པའི་ཁར་ ལམ་ལུགས་དེ་ ཧེ་མ་དང་མ་འདྲཝ་སྦེ་ གསརཔ་ཅིག་ཨིན་ཟེར་ཨིན་པས།
ད་རིས་ཀྱི་ མདའ་རྩེད་འགྲན་ནང་འབད་བ་ཅིན་ རྒྱལ་ཁབ་ནང་ལས་ སྡེ་ཚན་༣༢ ལུ་ གོ་སྐབས་སྤྲོད་དེ་ རྩེད་འགྲན་ནང་བཅའ་མར་གཏོགས་མི་སྡེ་ཚན་ ༣༢ དེ་ཅིག་འོང་ནིའི་དམིགས་ཡུལ་ཡོད་རུང་ ད་ཚུན་ སྡེ་ཚན་༡༤ གིས་མ་གཏོགས་ ཐོ་བཀོད་མ་འབད་ཟེར་ འགོ་འདྲེན་པ་གིས་ སླབ་ཨིན་པས།
ལས་ཁུངས་ཁག་གི་མདའ་རྩེད་འགྲན་བསྡུར་འབད་མི་ལས་ ཨང་དང་པ་ འཐོན་མི་ལུ་ གསོལ་རས་ དངུལ་ཀྲམ་༥༠,༠༠༠ གནས་པའི་ ཅ་ཆས་དང་ ཡངན་ དངུལ་རྐྱང་སྦེ་བྱིན་ནི་དང་ ཨང་༢ པ་དང་ བཀག་རེག་མཐོ་ཤོས་ཕོག་མི་ཚུ་ལུ་ཡང་ གསོལ་རས་ཚུ་ མ་དངུལ་བསྡུ་ལེན་འབད་མི་དང་འཁྲིལ་ བྱིན་ནི་ཨིན་ཟེར་ཨིན་པས།
མདའ་རྩེད་ལས་རིམ་དེ་ ད་ལས་ཕར་ ལོ་བསྟར་བཞིན་དུ་འགོ་འདྲེན་འཐབ་ནི་ ཨིནམ་མ་ཚད་ མདའ་རྩེད་འགྲན་འབད་མི་ཚུ་ སྔར་བ་ལྷག་སྟེ་ ཡར་རྒྱས་གོང་འཕེལ་གཏང་ནི་དང་ འབྲུག་པའི་ལམ་སྲོལ་ཚུ་ ལེགས་ལྡན་བཟོ་ཐབས་ལུ་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment