གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱིས་ འབྲུག་ལུ་ རུ་པི་དུང་ཕྱུར་༤ བསྐྱིན་འགྲུལ་འཛིན་གྲོལ་འབད་ནི།

༢༩/༡/༢༠༡༣   དུས་ཡུན་ལོ་ངོ་༥ གི་དོན་ལུ་ལེན་མི་ སྐྱེད་ཆུང་བའི་ བསྐྱིན་འགྲུལ་དེ་གིས་ རུ་པིའི་དཀའ་ངལ་བསལ་ནི་ལུ་ ལྷན་ཐབས་འབྱུང་ནི།
༉ རྒྱ་གར་གཞུང་གིས་ ད་རུང་ འབྲུག་ལུ་ སྐྱེད་ཚད་ཆུང་བའི་ བསྐྱིན་འགྲུལ་མ་དངུལ་ རུ་པི་དུང་ཕྱུར་༤ འཛིན་གྲོལ་འབད་ནི་སྦེ་ གཏན་འཁེལ་བཟོ་ཡོདཔ་ལས་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་བསལ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ རྒྱལ་བཙུན་རྣམ་༢ ཀྱིས་ ནིའུ་ལྡི་ལི་ལུ་ རྒྱ་གར་གྱི་དམག་སྤྱི་ གུང་བློན་བིཀ་རཱམ་ སིང་དང་གཅིག་ཁར་ མཇལ་ཕྲད་གནང་པའི་བསྒང་།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་ནེ་ཤ་ནཱལ་ཀོང་གེ་རེསི་ཚོགས་པའི་ གཙོ་འཛིན་འོག་མ་ ར་ཧཱུལ་ གཱན་དྷི་དང་གཅིག་ཁར་ ལྷན་བཞུགས་གནང་པའི་བསྒང་།
གནས་སྐབས་ཀྱི་ བསྐྱིན་འགྲུལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་ འབྲུག་ལུ་ རྒྱ་གར་གྱི་སྐུ་ཚབ་ བི་པི་ ཧ་རཱན་དང་ དངུལ་རྩིས་བློན་པོ་དབང་འདུས་ནོར་བུ།


དེ་ཡང་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ ཉིན་གྲངས་༧ གྱི་རིང་ རྒྱལ་ཁམས་ཀྱི་ གཟིགས་སྐོར་ལུ་བྱོན་མི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་གྱི་ དབུ་ཁྲིད་ཚུ་དང་ གསུང་གྲོས་གནང་པའི་སྐབས་ལུ་ མ་དངུལ་རུ་པི་དུང་ཕྱུར་༤ འཛིན་གྲོལ་འབད་ནི་སྦེ་ རྒྱ་གར་གཞུང་གིས་ གཏན་འཁེལ་བཟོ་མི་དང་འཁྲིལ་ ཁ་ཙ་ ནིའུ་ལྡི་ལི་ལུ་ འབྲུག་གཞུང་གི་ཁ་ཐུག་ལས་ དངུལ་རྩིས་བློན་པོ་དབང་འདུས་ནོར་བུ་དང་ རྒྱ་གཞུང་གི་ཁ་ཐུག་ལས་ འབྲུག་ལུ་ རྒྱ་གར་གྱི་སྐུ་ཚབ་ བི་པི་ ཧ་རཱན་གཉིས་ཀྱིས་ གནས་སྐབས་ཀྱི་ བསྐྱིན་འགྲུལ་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཅི།
འབྲུག་གཞུང་གིས་ དུས་ཡུན་ལོ་ངོ་༥ གི་དོན་ལུ་ རྒྱ་གཞུང་ལས་ གནས་སྐབས་ཅིག་གི་ བསྐྱིན་འགྲུལ་བསྡོམས་ རུ་པི་དུང་ཕྱུར་༡༠ དགོ་པའི་ ཞུ་བ་ཕུལ་མི་ལས་ སྤྱི་ལོ་༢༠༠༩ ལུ་ རུ་པི་དུང་ཕྱུར་༢ དང་ སྤྱི་ལོ་༢༠༡༢ ལུ་ དུང་ཕྱུར་༤ འཛིན་གྲོལ་འབད་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་དབང་འདུས་ནོར་བུ་གིས་ སླབ་མིའི་ནང་ འབྲུག་གིས་ རྒྱ་གར་ལས་ ཚད་འཛིན་ཅན་གྱི་ བསྐྱིན་འགྲུལ་མཐུན་རྐྱེན་ལེན་མི་དེ་ རྒྱལ་ཁབ་ནང་ རུ་པི་ལངམ་མེད་པའི་ དཀའ་ངལ་སེལ་ཐབས་ལུ་ཨིནམ་བཞིན་དུ་ བསྐྱིན་འགྲུལ་དེ་ གཞུང་ལུ་ དགོས་མཁོ་བྱུང་པའི་སྐབས་རྐྱངམ་གཅིག་ ལག་ལེན་འཐབ་ནི་དང་ བསྐྱིན་ཚབ་དེ་ཡང་ རུ་པི་ལངམ་སྦེ་ཡོད་པའི་སྐབས་ལུ་ ལག་ལེན་འཐབ་པོད་པའི་ མ་དངུལ་གུ་ ལོ་བསྟར་སྐྱེད་བརྒྱ་ཆ་༥ ཐོག་ལུ་ སྤྲོད་དགོཔ་ཨིན་ཟེར་ཨིན་པས།
བསྐྱིན་ཚབ་དེ་ཡང་ འབྲུག་ལུ་ རུ་པི་གསོག་འཇོག་ལངམ་སྦེ་ཡོདཔ་ད་ སྤྲོད་དགོཔ་མ་ཚད་ བསྐྱིན་འགྲུལ་གྱི་ མཐུན་རྐྱེན་གཞན་ཚུ་དང་ཕྱདཔ་ད་ཡང་ སྐྱེད་ཚད་དམའ་སུ་ཡོདཔ་ལས་ ཁེ་ཕན་སྦོམ་ཡོད་ཟེར་ ནིའུ་ལྡི་ལི་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་ལས་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
གལ་སྲིད་ རྒྱ་གར་གྱི་ ཚོང་འབྲེལ་དངུལ་ཁང་ དཔེར་ན་ ཨེསི་བི་ཨའི་ཟེར་མི་ རྒྱ་གར་གཞུང་གི་དངུལ་ཁང་ནང་ལས་ བསྐྱིན་འགྲུལ་ལེན་དགོ་པ་ཅིན་ སྐྱེད་བརྒྱ་ཆ་༡༠ དང་ པཱན་ཇབ་དངུལ་ཁང་ པི་ཨེན་བི་ལས་ ལེན་པ་ཅིན་ བརྒྱ་ཆ་༡༠.༥ སྤྲོད་དགོཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ འཕྲལ་ཁམས་ཀྱི་ དངུལ་འབོར་ཚད་གཞི་དང་འཁྲིལཝ་ད་ འབྲུག་གིས་ རྒྱ་གཞུང་གི་དངུལ་ཁང་དང་ པི་ཨེན་བི་དངུལ་ཁང་ དེ་ལས་ རྒྱ་གཞུང་གི་ ཚད་འཛིན་བསྐྱིན་འགྲུལ་མཐུན་རྐྱེན་ཐོག་ལུ་ བསྐྱིན་འགྲུལ་མ་དངུལ་དུང་ཕྱུར་༡༧.༥ ལེན་ཡོདཔ་བཞིན་དུ་ རྒྱ་གཞུང་དངུལ་ཁང་ལས་ བསྐྱིན་འགྲུལ་རུ་པི་དུང་ཕྱུར་༡༠ ཚུན་ ལེན་ཆོག་མི་ལས་ མ་དངུལ་དུང་ཕྱུར་༩ ལེན་ཚར་ཡོདཔ་མ་ཚད་ རྒྱ་གར་གཞུང་ལས་ སྐྱེད་ཚད་བརྒྱ་ཆ་༥ ཐོག་ལུ་ བསྐྱིན་འགྲུལ་ཆོག་ཚད་ མ་དངུལ་དུང་ཕྱུར་༦ ཡོད་མི་དེ་ སྤྱོད་ཚར་མི་ལུ་བརྟེན་ ན་ཧིང་གི་ལོ་ནང་ ཆོག་ཚད་རུ་པི་དུང་ཕྱུར་༡༠ ལུ་ ཡར་སེང་འབད་ཡོདཔ་ད་ པི་ཨེན་བི་དངུལ་ཁང་ལས་ མ་དངུལ་དུང་ཕྱུར་༥ ཚུན་ བསྐྱི་ཆོག་ནི་ཨིན་མི་ལས་ རུ་པི་དུང་ཕྱུར་༢.༥ ལེན་ཚར་ཡོདཔ་ཨིན་པས།
དེ་བཟུམ་མའི་ མ་དངུལ་བསྐྱི་མི་ཚུ་ མར་ཁུ་དང་ བཟའ་སྤྱོད་ དེ་ལས་ ཉེར་མཁོའི་ཚོང་ཟོག་གཞན་ཚུ་རྩིས་ཏེ་ སྒེར་དང་ གཞུང་གི་ནང་འདྲེན་ཚུ་ནང་ ལག་ལེན་འཐབ་མི་ཚུ་ཨིནམ་ལས་ ད་རེས་ནངས་པ་ ལག་ལེན་འཐབ་བཞིན་དུ་ཡོད་པའི་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ བསྐྱིན་འགྲུལ་ལེན་མི་དེ་ དེ་གི་གྲངས་སུ་ རྩིས་མེདཔ་ཨིན་པས།
ཕྱི་འབྲེལ་བློན་པོའི་ འགན་འཛིན་པ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ སླབ་མིའི་ནང་ མི་དབང་མཆོག་གིས་ རྒྱ་གར་གྱི་ སྲིད་འཛིན་དང་ སྲིད་བློན་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ རྒྱ་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་་ མཐར་འཁྱོལ་ཅན་སྦེ་ གསུང་གྲོས་གནང་སྟེ་ ཕན་ཚུན་ལུ་ཕན་པའི་ གནད་དོན་དང་ ཚ་གྱང་ཚུ་ཡང་ བརྗེ་སོར་གནང་ཡི་ཟེར་ཨིན་པས།
དེ་མ་ཚད་ གཟིགས་སྐོར་གྱི་སྐབས་ལུ་ མི་དབང་མཆོག་དང་ རྒྱ་གར་གྱི་ དབུ་ཁྲིད་ཚུ་གི་བར་ན་ འབྲུག་གི་ལོ་ལྔའི་འཆར་གཞི་༡༠ པ་དང་༡༡ པ་ དེ་ལས་ གློག་ཤུགས་མེ་ག་ཝཱཊི་༡༠,༠༠༠ འབད་མི་ གློག་མེ་ལས་འགུལ་ཚུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མིའི་སྐོར་ལས་ཡང་ གསུང་གྲོས་གནང་ཡི་ཟེར་ བློན་པོ་མཁའ་འགྲོ་དབང་ཕྱུག་གིས་ བཤདཔ་ཨིན་པས།
གསུང་གྲོས་ཀྱི་སྐབས་ལུ་ མི་དབང་མཆོག་གིས་ རྒྱ་གར་གྱི་ མི་སེར་དང་ གཞུང་ལུ་ འབྲུག་གི་མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ལས་དོན་ནང་ འགྱུར་བ་མེད་པའི་ རྒྱབ་སྐྱོར་དང་ གྲོགས་རམ་གང་དྲག་འབད་མི་ལུ་ འབྲུག་གཞུང་དང་ མི་སེར་གྱི་ ཁ་ཐུག་ལས་ ཐུགས་ངལ་རངས་དང་ བཀྲིན་དགའ་ཚོར་ཡོད་ལུགས་ གསུངས་གནང་ཡི།
སྤྱི་ཟླ་༡ པའི་ཚེས་༢༦ ལུ་ རྒྱ་གར་གྱི་ མི་སེར་རྒྱལ་ཁབ་ཀྱི་ ཉིནམ་༦༤ པ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་མགྲོན་གཙོ་བོ་སྦེ་ དབུ་བཞུགས་ཐོག་ལས་ རྒྱ་གར་གྱི་ མི་སེར་ས་ཡ་ལས་བཅད་དེ་ སྤུངས་འཛོམས་འབད་མི་ཚུ་དང་ བརྩི་སྲུང་ཞུ་ཡི།
དེ་ཡང་ རྒྱ་གར་གྱི་ སྲིད་འཛིན་པར་ནཱབ་ མུ་ཁར་ཇི་གིས་ མི་དབང་མངའ་ཞབས་མཆོག་ དམག་མིའི་རུ་སྒྲིག་གི་ རྟེན་འབྲེལ་ནང་ གདན་འདྲེན་ཞུ་བའི་སྐབས་ལུ་ སྲིད་འཛིན་འོག་མ་ མོ་ཧ་མཱཌ་ ཧེཆི་ཨཱན་ས་རི་དང་ སྲིད་བློན་ཌོག་ཊར་ མཱན་མོ་ཧཱན་སིང་ ཡུ་པི་ཨེ་སྤྱི་མཐུན་ཚོགས་པའི་ཁྲི་འཛིན་ ཨམ་སོ་ནི་ཡ་གཱན་དྷི་ ལྡོག་ཕྱོགས་འགོ་ཁྲིདཔ་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་གཙོས་པའི་ དམག་སྡེའི་འགོ་འཛིན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ ཕེབས་བསུ་ཞུ་ཡི།
དུས་སྟོན་དེ་ཡང་ ཀྲོབ་མདའ་ལན་ཐེངས་༢༡ རྐྱབ་པའི་ཤུལ་ལུ་ རཱཇི་པཱཐ་གི་ ལམ་བདའ་སྟེ་ རྒྱ་གར་གྱི་ དམག་མི་དང་མཚོ་དམག་ ས་དམག་ མཁའ་དམག་ཚུ་གིས་ རུ་སྒྲིག་ཐོག་ སྟི་སྭ་ཞུ་ཐོག་ལས་ རྒྱལ་ཁབ་ཀྱི་ རང་བཙན་དོན་ལུ་ སྲོག་བློས་བཏང་མི་ སྙིང་སྟོབས་ཅན་ཚུ་ལུ་ གུས་བཏུད་ཞུ་ཡོདཔ་ད་ དུས་སྟོན་དེ་ནང་ རྒྱ་གར་གྱི་ དམག་སྟོབས་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་ ཚན་རིག་གི་གྲུབ་འབྲས་ དེ་ལས་ རྒྱ་ཁར་ལུ་ ལམ་སྲོལ་འདྲ་མིན་སྣ་ཚོགས་ཡོད་མི་ཚུ་ འགྲེམ་སྟོན་འབད་ཡི།
འགྲེམ་སྟོན་འབད་མི་ཚུ་གི་ནང་ལས་ སྤྲོ་སྣང་ཆེ་ཤོས་ར་ ཕྱད་མདའི་གནམ་གྲུ་ཚུ་ འཕུར་འགྲུལ་འབད་མི་དང་ རྡུལ་ཕྲན་མཚོན་འཕྲུལ་ཆས་ ཨག་ནི་༥ པ་ གསར་བཟོ་འབད་མི་ཚུ་ལས་ བྱུང་ཡོད་པའི་ གསལ་སྟོན་འབད་ཡི།
དུས་སྟོན་གྱི་ཤུལ་ལས་ དེ་ཚེ་ཕྱི་རུ་ རཱཤ་ཊ་པ་ཏི་བཱ་ཝཱན་ལུ་སྦེ་ སྲིད་འཛིན་གྱིས་ གསོལ་ཇའི་བསུ་སྟོན་ཅིག་ འགོ་འདྲེན་འཐབ་མི་ནང་ མི་དབང་རྒྱལ་བཙུན་རྣམ་གཉིས་ བྱོན་གནང་ཡོདཔ་མ་ཚད་ རྒྱ་གར་གྱི་ སྲིད་བློན་དང་ བློན་པོ་ ཆེ་མཐོའི་འགོ་དཔོན་བརྒྱ་ཕྲག་མང་རབས་ཅིག་གིས་ འབྲེལ་གཏོགས་གནང་ཡི།
ཁ་ཙ་ རྒྱ་གར་གྱི་དམག་སྤྱི་ བི་ཀ་རམ་སིང་དང་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་ ཤིབ་ཤང་ཀར་མེ་ནོན་ དེ་ལས་ རྒྱ་གར་ནེ་ཤ་ནཱལ་ཀོང་གེ་རེསི་ཚོགས་པའི་ གཙོ་འཛིན་འོག་མ་ ར་ཧུལ་གཱན་དྷི་གིས་ མི་དབང་མངའ་ཞབས་མཆོག་གི་ སྐུ་མདུན་ལུ་བཅར་ཡི།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱལ་ཁབ་ནང་ ནངས་པ་ལོག་ཕེབས་གནང་ནི་ཨིན་པའི་གནས་ཚུལ།

ནིའུ་ལྡི་ལི་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment