གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྕགས་ཟམ་རམ་མི་དེ་ ཉིནམ་༢ ཀྱི་ནང་འཁོད་ལུ་ ལོག་བཟོ་སྐྲུན་འབད་ཚར་ནི།

༣༠/༡/༢༠༡༣   ༉ སྤྱི་ཟླ་༡ པའི་ཚེས་༡༥ ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ལྷུན་རྩེ་ ཀུར་སྟོད་རྒེད་འོག་ གླང་ཅན་ཕུག་གི་ ལྕགས་ཟམ་དེ་ རམ་ཡོདཔ་ཨིན་རུང་ ད་རེས་ ལོག་བཟོ་སྐྲུན་འབད་དོ་ཡོདཔ་བཞིན་དུ་ ཉིནམ་༢ ཀྱི་ནང་འཁོད་ལུ་ འགྲུབ་ཚུགས་ནི་ཨིན་པས།


ལྕགས་ཟམ་དེ་ བཟོ་སྐྲུན་འབད་མི་ མོང་སྒར་གླིང་མི་ཐང་ལུ་ཡོད་པའི་ འབྲུག་བཟོ་སྐྲུན་གོང་འཕེལ་ལས་འཛིན་ཡིག་ཚང་གི་ ལུང་ཕྱོགས་ཡོངས་ཁྱབ་འཛིན་སྐྱོང་པ་ ཀརྨ་རབ་བརྟན་གྱིས་ སླབ་མིའི་ནང་ ཟམ་རམ་པའི་སྐབས་ལུ་ ཟམ་གྱི་གཞི་རྟེན་ཚུ་གུ་ ཟམ་ངོ་མ་བཀལ་ཚར་ཏེ་ ལཱ་འབད་མི་ཚུ་ སེམས་དགའ་སྡོད་ནུག་ཟེར་ཨིན་པས།
དེ་ཅིག་བར་ན་ ཟམ་གྱི་མགུ་ཏོ་མཐུད་ནིའི་དོན་ལུ་ ལག་ལེན་འཐབ་མི་ ལོན་ཆིང་ ནཱོསི་ཟེར་མི་ ཅ་ཆས་རྙིངམ་དེ་ ཆག་འགྱོཝ་ད་ ཟམ་གྱི་མཐའམ་ཅིག་ ཆུ་ནང་བུད་སོ་ཡི་ཟེར་ཨིན་པས།
ཟམ་དེ་ བཟོ་སྐྲུན་གྱི་དོན་ལུ་ ལོན་ཆིང་ ནཱོསི་གསརཔ་ཉོ་ནི་ལུ་ གོང་ཚད་སྦོམ་གནས་དོ་ཡོདཔ་ལས་ ལམ་སེལ་ལས་ཁུངས་ལས་ ཧེ་མ་ ལག་ལེན་འཐབ་མི་ ལོན་ཆིང་ ནཱོསི་རྙིངམ་ཅིག་ལེན་ཐོག་ལས་ ལག་ལེན་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་ དེ་སྦེ་ དོགས་སེལ་འབད་དགོ་མི་དེ་ཡང་ མི་མང་ཤོས་ཅིག་གིས་ ཟམ་ངོ་མ་དེ་ ཆག་ཡོདཔ་སྦེ་ མནོ་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
དེ་བསྒང་ ས་གནས་ནང་ ལཱ་འབད་མི་ཚུ་ལུ་ གནོད་སྐྱོན་ག་ཅི་ཡང་ མ་བྱུངམ་ཨིན་རུང་ ལཱ་འབད་སྡོད་མི་ འཕྲུལ་རིགཔ་ཅིག་ ཆུ་ནང་བུད་ཡོདཔ་ཨིན་པས།
ལས་བྱེདཔ་དེ་གིས་ ཆུ་ནང་ལས་ ཐོན་ཚུགས་ཡོདཔ་ད་ དེ་བསྒང་ ཁོ་གིས་ ཉེན་སྲུང་གི་ཅ་ཆས་ཚུ་ ཚང་སྒྲིག་སྦེ་ གྱོན་སྡོད་མི་ལུ་བརྟེན་ ཁོ་གི་ཞྭམོ་དེ་ ལྕགས་གུ་ཕོག་སྟེ་ གག་ནུག་ཟེར་ཨིན་པས།
ཀརྨ་རབ་བརྟན་གྱིས་ བཤད་མིའི་ནང་ འཕྲུལ་རིགཔ་དེ་གི་ ལགཔ་བཅགས་མི་ལུ་བརྟེན་ དེ་འཕྲོ་ལས་ ལྷུན་རྩེ་སྨན་ཁང་ནང་ བསྐྱལ་ཡོདཔ་བཞིན་དུ་ ད་རེས་ མོང་སྒར་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོད་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཟམ་གྱི་ཅ་ཆས་ཚུ་ ཆུ་ནང་ལས་བཏོན་ཏེ་ ལོག་བཀལ་ནིའི་དོན་ལུ་ ལྷུན་རྩེ་རྫོང་ཁག་ལས་ ལོན་ཆིང་ ནཱོ་སི་གསརཔ་ཅིག་ལེན་ཏེ་ ལག་ལེན་འཐབ་དོ་ཟེར་ཨིནམ་ད་ ཅ་ཆས་དེ་ ཨའུ་ཚོ་ལུ་ བཟོ་སྐྲུན་འབད་ནི་ཨིན་མི་ ཟམ་གྱི་དོན་ལུ་ མཁོ་སྒྲུབ་འབད་འབདཝ་ཨིན་མས་ཟེར་ ཁོ་གིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ ད་རེས་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཟམ་དེ་གིས་ ཁྱིམ་གུང་༥༠ དེ་ཅིག་ཡོད་པའི་ སྟག་པོ་སྒང་གཡུས་ཚན་གྱི་དོན་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
ལྕགས་ཟམ་དེ་ རིང་ཚད་ཕིཊ་༡༤༠ དང་ མཐོ་ཚད་ཕིཊ་༥༠ དེ་ཅིག་ ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།


No comments:

Post a Comment