གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ལས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་གསརཔ།

༣༡/༡/༢༠༡༣   ༉ མོང་སྒར་ ན་རང་རྒེད་འོག་ནང་ལས་ སྐྱེས་ལོ་༣༣ ལང་མི་ སློབ་གྲྭའི་སློབ་དཔོན་ཅིག་ཨིན་མི་ ཚེ་རིང་དབང་ཆེན་དེ་ མོང་སྒར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ སྤྱི་ཚོགས་ཀྱི་ བཙག་འཐུ་ཐེངས་གཉིས་པའི་ནང་ བཅའ་མར་གཏོགས་མི་དང་པ་ཨིན་པས།


ཚེ་རིང་དབང་ཆེན་གྱིས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ ཐོན་དགོ་མི་དེ་ གཡུས་མི་ཚུ་གིས་ ཁོ་ལུ་ རྒྱབ་སྐྱོར་དང་ བློ་གཏད་བསྐྱེད་མི་ལུ་བརྟེན་ བཙག་འཐུའི་ནང་ བཅའ་མར་གཏོགས་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཁའི་མི་སེར་ཚུ་གི་ ཁ་ཐུག་ལས་ ཁོ་ལུ་ རྒྱབ་སྐྱོར་ཡོད་ལུགས་ཚུ་བཤད་མི་ལུ་བརྟེན་ ཁོ་ར་ དོ་འགྲན་འབད་ནི་ལུ་ བློ་བདེ་ཏོག་ཏོ་ཡོད་ཟེར་ཨིན་པས།
ཁོ་གིས་ སློབ་དཔོན་སྦེ་ ལོ་ངོ་༨ ཀྱི་རིང་ཕྱག་ཞུ་བའི་ཉམས་མྱོང་ཚུ་ཡོདཔ་བཞིན་དུ་ ཧེ་མ་ ཁོ་རའི་ཕམ་ཚུ་བཟུམ་སྦེ་ ཁོ་གིས་ཡང་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་འབད་དེ་ མི་སེར་ལུ་ ཕྱག་ཞུ་ནི་ཟེར་བའི་ སེམས་ཐག་བཅད་ཡོདཔ་ཨིན་པས།
ཚེ་རིང་དབང་ཆེན་གྱི་ ཕམ་གྱི་སྐབས་ལས་ར་ མི་སེར་ལུ་ ཕྱག་ཞུ་ཡོདཔ་ལས་ ཁོ་གིས་འབད་རུང་ མི་སེར་ལུ་ ཕྱག་ཕྱིད་གང་དྲག་ ཞུ་ནི་ཟེར་ སླབ་ཨིན་པས།
ཁོ་གིས་ རྫོང་ཁའི་སྐད་ཡིག་ནང་ གཙུག་ལག་གཞི་རིམ་གྱི་ཤེས་ཚད་ཡོདཔ་མ་ཚད་ བསམ་རྩེ་ སློབ་དཔོན་སློབ་སྦྱོང་སྤེལ་ཁང་ལས་ སློབ་དཔོན་གྱི་ སྦྱོང་བརྡར་མཐར་འཁྱོལ་བའི་ཁར་ སྟག་རྩེ་འབྲིང་རིམ་སློབ་གྲྭ་བར་མ་དང་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སློབ་དཔོན་འབད་ཡོདཔ་མ་ཚད་ ཡེ་སྦིས་ལབ་རྩ་ འབྲིང་རིམ་སློབ་གྲྭ་བར་མའི་ སློབ་དབུ་འཛིན་འོགམ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
ཁོ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ནང་ བཅའ་མར་གཏོགས་ནི་སྦེ་ ཐག་བཅད་པའི་ཤུལ་ལུ་སློབ་དཔོན་གྱི་ གོ་གནས་ལས་ དགོངས་ཞུས་ འབད་ཡོདཔ་ཨིན་པས།
ཚེ་རིང་དབང་ཆེན་གྱིས་ བཤད་མི་དང་འཁྲིལཝ་ད་ ཁོ་གིས་ ལོ་༨ ཀྱི་རིང་ སློབ་དཔོན་སྦེ་ ཕྱག་ཞུ་བའི་སྐབས་ འབྲུག་པའི་མི་ཁུངས་ཅིག་ འབད་ནི་དེ་གིས་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ རྩ་བ་གསུམ་ལུ་ ཕྱག་གང་དྲག་ཞུ་ཡི་ཟེར་ཨིནམ་ད་ ད་ལས་ཕར་འབད་རུང་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ཏེ་ རྩ་བ་གསུམ་ལུ་ ཕྱག་ལེགས་ཤོམ་སྦེ་ཞུ་ནིའི་ རེ་བ་སྦོམ་ཡོད་ཟེར་ཨིན་པས།
གལ་སྲིད་ ཁོ་རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ བཙག་འཐུ་འགྲུབ་པ་ཅིན་ ཁོ་གིས་ གཞུང་དང་མི་སེར་གྱི་བར་ན་ ཟམ་བཟུམ་སྦེ་ ལཱ་འབད་ནི་ཨིནམ་མ་ཚད་ གཞུང་སྐྱོང་ལེགས་ལྡན་དང་ ལྟ་བཤལ་གོང་འཕེལ་གཏང་ནི་ དེ་ལས་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ནིའི་ ལཱ་ཚུ་ རྩ་འགེངས་འབད་ནི་ཟེར་ཨིན་པས།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ སློབ་ཕྲུག་སྦེ་སྡོད་པའི་སྐབས་ སློབ་གྲྭའི་ཡོངས་དཔོན་སྦེ་ ཕྱག་ཞུ་ཡོདཔ་བཞིན་དུ་ ཁོ་ར་ ཧེ་མ་ལས་ མི་དང་འབྲེལ་བ་འཐབ་སྟེ་ ཕྱག་ཞུ་མི་ཅིག་འབད་ནི་དེ་གིས་ ད་ལས་ཕར་ར་འབད་རུང་ མི་སེར་ཚུ་ལུ་ དྲང་ལྡན་གྱི་ཐོག་ལས་ ཞབས་ཏོག་ཞུ་ནི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment