གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟོ་སྐྲུན་དང་ ནགས་མེ་ལུ་བརྟེན་ ནགས་ཚལ་ཉམས་སྲུང་ལུ་དོ་འགྲན།

༢༨/༡/༢༠༡༣   ༉ གོང་འཕེལ་གྱི་འགྱུར་བ་དང་བསྟུན་ བཟོ་སྐྲུན་ལས་སྡེ་ཚུ་ ལོ་གཅིག་བ་ལོ་གཅིག་ ཡར་སེང་འགྱོ་དོ་ཡོདཔ་ལས་ ནགས་ཚལ་ཉམས་སྲུང་འབད་ནི་ལུ་ དོ་འགྲན་ཅིག་ ཤིང་ཆའི་མཁོ་འདོད་ཡར་སེང་འགྱོ་མི་ལུ་བརྟེན་ཏེ་ བྱུང་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།


དེ་ཡང་ འབྲུག་གི་རང་བཞིན་གནས་སྟངས་སྙན་ཞུ་ཟིན་བྲིས་དང་འཁྲིལཝ་ད་ བཟོ་སྐྲུན་གྱི་དོན་ལུ་ ཤིང་ཆས་དང་ ཐབ་ཤིང་གི་ མཁོ་འདོད་ཚུ་ལུ་བརྟེན་ ནགས་ཚལ་ནང་ལས་ ལོ་བསྟར་བཞིན་དུ་ ཤིང་ཚུ་འབོར་ཆེ་ཏོག་ཏོ་སྦེ་ ལག་ལེན་འཐབ་དོ་ཡོད་པའི་ གསལ་སྟོན་འབདཝ་མས་ཟེར་བཀོད་ནུག།
སྙན་ཞུ་དེ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ བཟོ་སྐྲུན་ལས་སྡེ་ཁག་གིས་ ཤིང་ཆའི་དོན་ལུ་ ནགས་ཚལ་ནང་གི་ ཤིང་གི་ཚད་གཞི་ལས་ལྷག་པའི་ མཁོ་འདོད་ཡར་སེང་འགྱོ་དོ་ཡོདཔ་སྦེ་ འབྲེལ་ཡོད་ལས་སྡེ་ཁག་གི་ གནས་སྡུད་ཚུ་གིས་ གསལ་སྟོན་འབདཝ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༠༤ ལུ་ ནགས་ཚལ་འཛིན་སྐྱོང་སྡེ་ཕྲན་ཚུ་ནང་ལས་ མཁོ་སྤྲོད་འབད་མི་ ཤིང་གི་ཚད་གཞི་དེ་ ཀིའུ་བིཀ་མི་ཊར་༢༨༤,༠༠༠ འབད་མི་དང་ཕྱདཔ་ད་༣ ལྟབ་ཀྱིས་ཡར་སེང་ཐོག་ སྤྱི་ལོ་༢༠༡༠ ལུ་ སྡེ་ཕྲན་དེ་ཚུ་ལས་ ཤིང་ཡོངས་བསྡོམས་ ཀིའུ་བིཀ་མི་ཊར་༦༡༠,༠༡༩ དེ་ཅིག་ མཁོ་སྤྲོད་འབད་ནུག་ཟེར་ཨིན་པས།
དེ་སྦེ་ བཟོ་སྐྲུན་ལས་སྡེ་རྒྱ་ཆེ་དྲགས་སྦེ་ གོང་འཕེལ་འགྱོ་མི་ལུ་བརྟེན་ ནགས་ཚལ་ནང་ཡོད་མི་ཤིང་གི་ ཁྱབ་ཚད་ལས་འགལ་བའི་ ཤིང་གི་མཁོ་འདོད་དེ་ ཚ་གྱང་ལང་སི་སི་སྦེ་ ཡར་སེང་འགྱོཝ་དོ་ཡོད་པའི་ མངོན་གསལ་བྱུང་དོ་ཡོདཔ་སྦེ་ སྙན་ཞུ་དེ་ནང་བཀོད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༡ ལུ་ ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱིས་ ཞིབ་འཚོལ་ཅིག་ འབད་མི་དང་འཁྲིལཝ་ད་ ལོ་ངོ་༥ དེ་ཅིག་གི་ཤུལ་ལས་ ཧ་ལམ་ཤིང་ སི་ཨེཕ་ཊི་ས་ཡ་༡.༨༥ དེ་ཅིག་ མཁོ་འདོད་གྲུབ་མ་ཚུགས་པའི་ ཆད་ལུས་འཐོན་ནིའི་ ཉེན་ཁ་འདུག་ཟེར་བཀོད་ནུག།
གནད་དོན་དེ་ལུ་ལྟ་བ་ཅིན་ འབྲུག་ལུ་ ནགས་ཚལ་གྱི་ཁྱབ་ཚད་ཡོད་མི་ལུ་ ཉམས་སྲུང་གི་ཚ་གྱང་མེད་པར་ ལག་ལེན་འཐབ་དོ་བཟུམ་མའི་ གསལ་སྟོན་འབད་བའི་ཁར་ ཤིང་གི་མཁོ་འདོད་ཚུ་ དེ་སྦེ་ར་ ཡར་སེང་འགྱོ་བ་ཅིན་ ནགས་ཚལ་མར་ཉམས་ཐོག་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ དཀའ་ངལ་ཚུ་ཡང་ འོས་འབབ་ཡོདཔ་ཨིན་པས།
དེ་མ་ཚད་ ནགས་ཚལ་མེ་རྐྱེན་ལུ་བརྟེན་པའི་ ཉམས་སྲུང་གི་ དོ་འགྲན་ཚུ་ཡང་ བྱུང་དོ་ཡོདཔ་ད་ དེ་ཡང་ སྤྱི་ལོ་༡༩༩༧ དང་༢༠༡༡ གི་བར་ན་ ནགས་ཚལ་མེ་རྐྱེན་ཐེངས་༦༢ དེ་ཅིག་ བྱུང་ཡོདཔ་ད་ ལོ་བསྟར་བཞིན་དུ་ ནགས་ཚལ་ཧེག་ཊར་༧,༣༦༠.༥༣ དེ་ཅིག་ ནགས་ཚལ་མེ་རྐྱེན་ལུ་བརྟེན་ ཉམས་ཆག་ཤོར་ནུག་ཟེར་ཨིན་པས།
འདས་པའི་ལོ་༡༥ དེ་ཅིག་ནང་ ནགས་ཚལ་མེ་རྐྱེན་གྱི་ གནས་སྟངས་དེ་ མར་ཉམས་སོང་ཡོད་རུང་ བྱུང་རྐྱེན་གྱི་གནས་སྟངས་དེ་ ཚ་གྱང་ཅན་ཅིག་སྦེ་ར་ གནས་ཏེ་ཡོད་ཟེར་ཨིན་པས།
ནགས་ཚལ་མེ་རྐྱེན་མང་ཤོས་ར་ མི་མང་གིས་ སྣང་མེད་ཐོག་ལས་ ཞིང་ཚུ་ནང་ རག་རོག་ཚུ་མེ་བཏང་མི་དང་ དེ་ལས་ གཞན་སོ་ནམ་ཞིང་ལཱ་དང་འབྲེལ་བའི་ གནད་དོན་ཚུ་གི་དོན་ལུ་ མེ་བཏང་དགོ་པའི་ལཱ་ཚུ་ལུ་བརྟེན་ཏེ་ བྱུང་དོ་ཡོད་པའི་ གསལ་སྟོན་འབདཝ་མས་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment